བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོབ་ལས་དོན་བཀོད་སྒྲིག་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་9ཉིན་གྱི་ཕྱི་དྲོ། བོད་ལྗོངས་ནང་བསྟན་སློབ་གླིང་གིས་དཔེ་ཆའི་དགེ་རྒན་ཡོངས་ཀྱི་ཚོགས་འདུ་འཚོགས་པའི་ཐོག《ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིང་ནང་བསྟན་སློབ་གླིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོབ་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གིས་རེ་སྒུག་ཆེན་པོ་བྱེད་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་དགོངས་པ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་བྱས་ནས་ཤེས་སྤྱོད་གཅིག་མཐུན་ཐོག་སློབ་གླིང་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག སློབ་གླིང་གི་དཔེ་ཆའི་དགེ་རྒན་ཡོངས་ཀྱི་བསམ་བློའི་ངོས་འཛིན་ཚད་མཐོའི་གཅིག་གྱུར་བྱས་ཐོག་ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པོའི་རང་བཞིན་དང་དཀར་ནག་དབྱེ་འབྱེད་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང“འདུ་ཤེས་བཞི”བརྟན་པོར་འཛུགས་དགོས་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སློབ་གླིང་གི“གཡུལ་ས་བཞི”འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང“བཟང་པོ་ལྔ་ལྡན”གྱི་གྲྭ་བཙུན་གསོ་སྐྱོང་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ནུས་ཤུགས་ཡོད་རྒུས་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་དང་སྦྲགས། དཔེ་ཆའི་དགེ་རྒན་ཡོངས་ཀྱིས་དོགས་ཟོན་ཆེར་བསྐྱེད་ངང་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་པ་དང་། “ནན་འགོག་དྲུག”ལ་ཤུགས་སྣོན་བརྒྱབ་ནས་དོན་རྐྱེན་ཆེ་འབྲིང་ཆུང་གསུམ་ཅི་ཡང་མི་ཐོན་རྒྱུའི་འགན་ལེན་གྱིས་སློབ་གསོ་སློབ་ཁྲིད་ལས་དོན་བརྒྱུད་རིམ་ལྡན་པའི་ངང་སྤེལ་ནས། སྤྲོ་སེམས་འཁོལ་པོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་རྣམ་པ་གཏོད་རྒྱུའི་རེ་བ་ཡང་བཏོན་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།