དབུལ་ཞིང་ཕོངས་པའི་ཡུལ་ནས་སྤོས་ཏེ་འབྱོར་འབྲིང་ལམ་དུ་སྐྱོད་པ།

ལོ་གཅིག་ལྷག་ཙམ་རིང་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་དག་རྫོང་གྲོང་དང་། ལྟེ་བའི་གྲོང་ཁྱེར། ཐོན་ལས་གླིང་བཅས་སུ་གཅིག་སྡུད་བྱ་རྒྱུ་མཐའ་འཁྱོངས་བྱས་པས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཇེ་ཆེར་སོང་བ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གནས་སྤོས་དབུལ་སྐྱོར་དེ་གྲོང་ཁྱེར་དང་གྲོང་རྡལ་ཕྱོགས་སུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་ལ་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱ་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།

“གཞིས་རྩེ་གྲོང་ཁྱེར་གྱི་གནས་སྤོས་དབུལ་སྐྱོར་དེ་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་ལ་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་དགོས་པའི་སྐོར་ཞིབ་པར་བརྗོད་ན། དཀའ་ངལ་ཡོད་པའི་མང་ཚོགས་ཡུལ་གཞན་དུ་གནས་སྤོ་ཐུབ་པ་དང་། བརྟན་པོར་ཚུགས་ཐུབ་པ། ཕྱུག་འགྱུར་ཡོང་ཐུབ་པ་བཅས་བྱེད་དགོས་པ་དེ་རེད། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་བར་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཡིན”ཞེས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་གསུངས་པ་རེད།

“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་གཞིས་རྩེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་སྟོབས་ཤུགས་གཅིག་སྡུད་ཀྱིས་བྱ་བ་ཆེན་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྒུད་སྐྱོབ་ལས་སྤྲོད་དང་། དོན་རེར་གྲོས་རེ་བྱ་བ་མྱུར་འགྲུབ་སོགས་རྣམ་གྲངས་སྣ་ཚོགས་ཀྱི་དངུལ་སྒོར་དུང་ཕྱུར3.5བསྡུ་སྒྲིལ་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཆ་ལག་ཚང་བའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་བཏང་ཡོད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་དུད་ཚང7867གྱི་མི32517གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་ལེགས་པར་བསྒྲུབས་པ་དང་དུད་ཚང6713གྱི་མི27531གྲུབ་འབྲས་ཐོབ་པའི་ངང་སྡོད་ཁང་གསར་པའི་ནང་སྤོ་རྒྱུ་བྱུང་བས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཇེ་ཆེར་སོང་ཡོད་པ་རེད།

ལྷ་རྩེ་རྫོང་གྲའུ་ཤང་མིག་དམར་གྲོང་ཚོ་ནི་མཐའ་བཞི་རི་བོས་བསྐོར་བའི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཆུང་ཆུང་ཞིག་རེད། ལོ་གཉིས་གོང་གསར་འགོད་པ་མིག་དམར་གྲོང་ཚོར་སྐྱོད་སྐབས་རི་ལམ་ཀྱག་ཀྱོག་ཆེ་ཞིང་གུ་དོག་པ་དང་། གྲོང་མི་སྡོད་སའི་ཁང་པའི་ཐོག་དཔངས་དམའ་ལ་དཀར་ཆ་དོད་པོ་མེད་པ། སྒང་ལ་མི་སྡོད་ས་དང་འོག་ལ་ཕྱུགས་ཚང་ཡིན་པ་བཅས་མཐོང་བྱུང་།

ལོ་གཉིས་སོང་རྗེས་གསར་འགོད་པས་མིག་དམར་གྲོང་ཚོ་ཡུལ་གཞན་དུ་སྤོས་པ་གོ་ཐོས་བྱུང་བས་མིག་དམར་གྲོང་ཚོ“གསར་པར”སླར་ཡང་བསྐྱོད་པ་ཡིན།

གྲལ་སྟར་འགྲིག་པའི་ཨར་འདམ་ལས་གྲུབ་པའི་ཁང་པ་གསར་པ་དང་། ཁྱིམ་ཚང་མི་རེ་ངོ་རེའི་སྒོ་རའི་ནང་འདྲུད་འཐེན་འཕྲུལ་འཁོར་དང་སྦག་སྦག་སོགས་བཞག་པ། ཁང་པའི་ནང་བོད་བཟོའི་ཁྱིམ་ཆས་དང་། བརྙན་འཕྲིན་འཕྲུལ་འཁོར། འཁྱགས་སྒམ་སོགས་བསྒྲིགས་པ་མཐོང་སྐབས་ཧ་ལས་ཧང་སངས་བྱུང་།

“དེ་སྔོན་ཕྱི་རུ་མཁོ་ཆས་ཉོ་བར་སྐྱོད་སྐབས་རི་ཀླུང་འགའ་ཞིག་བརྒལ་དགོས་པ་དང་ཆར་པ་བབས་ཚེ་ཕྱི་རུ་སྐྱོད་ཐབས་བྲལ། ད་ལྟ་རྫོང་གྲོང་དང་ཐག་ཉེ་བའི་སར་སྤོས་ནས་རྒྱལ་ལམ་དང་ཐག་ཉེ་པོའང་འདུག དོན་དག་སྒྲུབ་པར་སྐྱོད་སྐབས་སྟབས་བདེ་པོ་འདུག དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་རེད”ཅེས་རྒྱ་མཚོས་སྤྲོ་བ་འཕེལ་བཞིན་བཤད་བྱུང་།

གཞིས་རྩེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཡུས་ཧྥེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གཉིས་ཀྱི་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཚོ་ཡོངས་ཀྱིས་སྐུལ་འདེད། ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་ཐོན་ལས་འཕེལ་རྒྱས་བཅས་ཟུང་འབྲེལ་དམ་ཟབ་བྱས་པའི་ཁར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་དག་རྫོང་གྲོང་དང་། ལྟེ་བའི་གྲོང་ཁྱེར། ཐོན་ལས་གླིང་བཅས་སུ་གཅིག་སྡུད་མཐའ་འཁྱོངས་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད།

རྣམ་གླིང་རྫོང་ཨེ་མ་ཤང་སླེའུ་ཀོག་གྲོང་ཚོར་གསར་དུ་བརྒྱབ་པའི་ཁང་པ་དག་ལམ་གཡས་གཡོན་གཉིས་སུ་གྲལ་སྟར་འགྲིག་པོར་གནས་པ་དང་ཨར་འདམ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཆ་ཚང་པོ་ཡོད། མང་ཚོགས་བཀྲ་ཤིས་བསམ་གྲུབ་ཀྱིས“ང་ཚོའི་གྲོང་ཚོ་སྔོན་མའི་ས་ཞིང་དཀོན་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་དཀོན་པའི་གནས་ཤིག་ནས་འདིར་སྤོས་པ་རེད། གནས་འདིར་སླེབས་རྗེས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་རྒྱུ་བྱུང་བ་དང་། ཁང་པ་གསར་པ་བརྒྱབ་པ་མ་ཟད། ད་དུང་ཡོང་འབབ་ཀྱང་མང་པོ་བྱུང”ཞེས་གསར་འགོད་པར་བཤད་བྱུང་། བཀྲ་ཤིས་བསམ་གྲུབ་ཀྱིས་ད་དུང་ཡར་ཀླུང་ལག་རྩལ་བཟོ་པའི་སློབ་གྲྭའི་ཁ་ལོ་བའི་གསོ་སྦྱོང་ལ་ཞུགས་ཤིང་། གོམ་སྟབས་རྗེས་མར་ཁོང་གིས་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་ལས་ལ་ཞུགས་རྩིས་ཡོད་པ་རེད།

ཨེ་མ་ཤང་སླེའུ་ཀོག་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་ཁུལ་དུ་རྣམ་གླིང་རྫོང་གིས་གཟན་རྩྭ་གཟན་ཆས་རྟེན་གཞི་འཛུགས་སྐྲུན་དང་བཞོན་མ་གསོ་ཚགས་སོགས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་བ་དང་། གཟན་རྩྭ་གཟན་ཆས་མུའུ་ཁྲི4.7འཆར་འགོད་བྱས་ནས་བཏབ་པ། ཕྱུགས་རྩྭ་རིགས་མི་འདྲ་བ76བཏབ་པར་གྲོང་ཚོ8ཀྱི་དུད་ཚང744ལ་ཁྱབ་པས་ཡུལ་གཞན་དུ་གནས་སྤོས་མང་ཚོགས་སྒོ་རྩར་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད།

བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཁྱད་ལྡན་འོད་ཤུགས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། གནས་སྤོས་དུད་ཚང2000གཅིག་སྡུད་འཆར་འགོད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར4.8བཏང་ནས“འོད་ཤུགས+སྣོད་བཅུད་སྒྲིག་བཀོད་ཞིང་ལས”ཀྱི་དབུལ་སྐྱོར་དཔེ་སྟོན་གླིང་གཙོ་གནད་དུ་བཟུང་ནས་བཏོད་པ་དང་། “ཞིང་འོད་གསབ་རེས་+ནགས་འོད་གསབ་རེས་+འབྲོག་འོད་གསབ་རེས་+སྨན་འོད་གསབ་རེས་+སྤྲོ་གསེང་ཡུལ་སྐོར+དབུལ་སྐྱོར་འོད་ཤུགས”བཅས་གཞི་གཅིག་ཅན་གྱི་བྱེད་སྟངས་བརྒྱུད་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་དཔེ་སྟོན་གླིང་འཛུགས་སྐྲུན་བྱས་ནས་གྲོང་རྡལ་ཆུང་ངུའི་གྲོང་མིར་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། རིག་གནས་ཡུལ་སྐོར་ལས་རིགས་སོགས་ཐོན་ལས་ཆེ་གྲས་བདུན་གྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས900ལྷག་ཙམ་ལ་ཡིད་རྟོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་160ཙམ་བཏང་ནས་ས་གནས་དེ་གའི་མང་ཚོགས་ས་གནས་དེ་གར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་དང་བྱེད་བཞིན་ཡོད་པ་རེད།

“ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གལ་ཆེན་ཞིག་རེད། བདེ་བླག་ངང་ལེགས་གྲུབ་བྱུང་མིན་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་དང་ཐད་ཀར་འབྲེལ་བ་ཡོད། སླད་ཕྱིན་གཞིས་རྩེ་གྲོང་ཁྱེར་གྱིས‘མི་རྩ་བར་འཛིན་པ་དང་། དམངས་འཚོ་སྔོན་ལ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ། ཐོན་ཁུངས་གཅིག་འདོམས་བྱེད་པ། ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། སྣོད་བཅུད་སྲུང་སྐྱོང་བྱེད་པ། ཁྱད་ཆོས་མངོན་པར་བྱེད་པ’བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། རང་འགུལ་ངང་བྱ་སྤྱོད་སྤེལ་ནས་གནད་སྨིན་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། དུས་མཚུངས་ཇོ་མོ་གླང་མའི་ཐོན་ལས་ཆེན་པོ་བདུན་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་པ། ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ནོར་བསམ་གྱིས་གསར་འགོད་པར་བཤད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།