ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་ལ་དམ་འཛིན་བྱས་ནས་དམངས་འཚོ་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་མི4300གསར་དུ་ལས་ཞུགས་ཐུབ་པ་བྱས་པས་དུས་མཚུངས་ལས4.4%འཕར་ནས་ལོ་འཁོར་གྱི་འཆར་གཞིའི102.4%ལེགས་གྲུབ་ཟིན་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི6.1དང་མི་ཁྲི3.47གཞན་སྒྱུར་ལས་ཞུགས་ཐུབ་པ་བྱས་པ་དེ་དུས་མཚུངས་ལས22%དང19.6%འཕར་ནས་ལོ་འཁོར་གྱི་འཆར་གཞིའི101.7%དང138.8%ལེགས་གྲུབ་བྱུང་སྟེ་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར1བྱུང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ནི་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་ལེགས་སྒྲིག་བྱེད་པའི་ལོ་དང་པོ་ཡིན་པས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་ཉིང་ཁྲི་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་རྒྱུན་ཆད་མེད་པར་བསམ་ཕྱོགས་གསར་གཏོད་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》གི་མཛུབ་ཁྲིད་འོག ཉིང་ཁྲི་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྲིད་ཇུས་བཟོས་ཏེ་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་ནས་མ་དངུལ་སྒོར་ཁྲི1000གྲབས་གསོག་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་ཐེབས་རྩ་བཙུགས་པ་དང་། མ་དངུལ་སྒོར་ཁྲི500གྲབས་གསོག་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་བུན་གཡར་ཁག་ཐེག་ཐེབས་རྩ་བཙུགས་པས། གྲོང་ཁྱེར་དེ་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད། དེ་དང་དུས་མཚུངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་སྤུས་ལེགས་ཐོན་ལས་དང་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་སོགས་ལ་དམིགས་ནས་རང་འགུལ་ངང་བྱ་ཐབས་སྤྱོད་པ་དང་སྔོན་ནས་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་འཚམ་པའི་ལས་གནས་གསར་སྤེལ་ཤུགས་ཆེན་བྱས་ཡོད། 2017ལོའི་ཟླ12པའི་བར་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས6417གསར་སྤེལ་བྱས་པ་དང་། དེའི་ནང་ཀོང་ཏུང་ཞིང་ཆེན་གྱིས་ལས་ཞུགས་ལས་གནས3117མཁོ་འདོན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།