ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གླ་ཆ་གཏོང་སྤྲོད་སྐོར་གྱི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་གྲོང་ཁྱེར་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་གསལ། 《〈བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལ་གཞིགས་ཏེ། གྲོང་ཁྱེར་མི་སྤྱི་ཅུས་ཀྱིས2017ལོའི་ཞིང་འབྲོག་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་ལ་གཞིགས་ཏེ་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་ཞིང་། ཞིབ་བཤེར་ལས་དོན2018ལོའི་དཔྱིད་གསར་དུས་ཆེན་མ་ཚར་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཆེད་དོན་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ནི་ལས་མི་སྤྱོད་མཁན་ལས་ཁུངས་ཀྱི་ལས་མིའི་གླ་ཆ་གཏོང་སྤྲོད་སྐོར་གྱི་རྩིས་ཁྲར་ཞིབ་བཤེར་དང་། ལས་མིའི་མ་མཐའི་གླ་ཆའི་འགན་ལེན་ལ་བརྩི་སྲུང་བྱས་ཡོད་མེད། གླ་ཆ་འགྱངས་ཆད་གནས་ཚུལ་ཡོད་མེད། བཟོ་སྐྲུན་ཁེ་ལས་ཀྱིས་ཞིང་འབྲོག་པ་ལས་མིའི་གླ་ཆའི་འགན་ལེན་དངུལ་འཇལ་ཡོད་མེད། “དུས་ཆེན་གཉིས”མ་ཤར་གོང་གླ་ཆ་གཏོང་སྤྲོད་ཀྱི་འཆར་གཞི་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་སྦྲགས། ལས་མི་སྤྱོད་མཁན་གྱི་ལས་ཁུངས་ཁག་ལ་ལས་མིའི་གླ་ཆ་སྔོན་ལ་གཏོང་སྤྲོད་ཀྱི་རྩ་དོན་གཞིར་བཟུང་ནས་ལས་གྲྭ་དང་ཁེ་ལས་ལས་མཚམས་མ་བཞག་གོང་ཞིང་འབྲོག་པ་ལས་མིའི་གླ་ཆ་ཆ་ཚང་དུས་ཐོག་ཏུ་སྤྲད་དེ2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་པའི་བླང་བྱ་ཡང་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།