ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་གསོ་སྦྱོང་ལས་སྒོའི་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་གསོ་སྦྱོང་ལས་སྒོའི་ཚོགས་འདུ་འཚོགས་ནས《སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》དང《〈བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་དང་། དུས་བབ་གསར་པའི་འོག་དམངས་སྲིད་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་ཀའི་ལས་འགན་དང་བླང་བྱ་གསར་པ་སློབ་སྦྱོང་དང་གྲོས་བསྡུར་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་ནུས་མཐོ་རུ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཁྲོད་ཀྱི་ཞན་ཆ་སེལ་བ་བཅས་ཀྱི་སྒོ་ནས་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་གཞོལ་བ་རེད།

ཚོགས་འདུའི་ཐོག“དམངས་སྲིད་ཀྱི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར”གསོ་སྦྱོང་ཐད་བཀོད་སྒྲིག་བྱས་པ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་གནང་བའི“སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ལ་གཅིག་གྱུར་འཆར་འགོད་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པའི”མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།