བོད་ལྗོངས་མཚོ་གཉིས་རྫོང་གི་ཤང་གསུམ་གོང་དཀར་རྫོང་དུ་གནས་སྤོ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ནི་བོད་བྱང་ཐང་གི་ནུབ་བྱང་རྒྱུད་དུ་གནས་ཤིང་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་ཞིག་ཡིན་པ་དང་། ལོ་རྒྱུས་ཐོག་དེ་གར་འཚོ་སྡོད་བྱེད་མཁན་ཧ་ཅུང་ཉུང་ཉུང་ཡིན་པས་མི་མེད་ལུང་སྟོང་ཞེས་སུ་གྲགས། དེང་སྐབས་གནས་སྤོ་གཏན་འཁེལ་ཟིན་པའི་མི3018ཚང་མ་འབྲོག་པ་ཡིན་པ་དང་ཐོན་སྐྱེད་ཀྱི་ཐོན་ཁུངས་དཀོན་ལ་འཚོ་བའི་ཁོར་ཡུག་ཀྱང་ཅུང་ཞན་པོ་ཡོད།

ནག་ཆུ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཤེས་རབ་རྒྱ་མཚོ་ནས། ས་བབ་མཐོ་ཚད་སྨི4900ཡན་ཟིན་པའི་མཚོ་གཉིས་རྫོང་དཀར་མཚོ་ཤང་དང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་མ་ཤང་བཅས་ཀྱི་དུད་ཚང714ཡི་མང་ཚོགས3018ཚང་མ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་གནས་སྤོ་བྱ་རྒྱུ་གཏན་འཁེལ་ཟིན་ཞིང་། གནས་སྤོའི་ལས་དོན་ད་ལོའི་ནང་བསྒྲུབ་ཚར་བཟོ་ཡོད། གནས་སྤོ་བྱས་རྗེས་དེ་སྔའི་ཤང་གསུམ་དེ་གྲོང་རྡལ་གཅིག་གི་གྲོང་ཚོ་གསུམ་ལ་ཟླ་སྒྲིལ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

ཤེས་རབ་རྒྱ་མཚོ་ནས་ཤང་གསུམ་གྱི་འབྲོག་པ་གནས་སྤོ་བྱས་རྗེས་མུ་མཐུད་སྲོལ་རྒྱུན་འབྲོག་ལས་ཀྱི་ཐོན་སྐྱེད་དང་འཚོ་བ་སོར་འཇོག་གི་རྨང་གཞིའི་ཐོག དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་ལས་བྱུང་བའི་ཕན་བདེ་ཡང་ལོངས་སྤྱོད་བྱེད་ཆོག གནས་སྤོ་བྱེད་ཡུལ་ནི་ལྷོ་ཁ་གྲོང་ཁྱེར་གཙང་བྱང་ཁུལ་གསར་དུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་བར་ཐག་རི་བོ་གཅིག་ལས་ཆོད་མེད་པ་དང་ཐུན་མོང་མ་ཡིན་པའི་ཡུལ་བབ་ཀྱི་ལེགས་ཆ་ལྡན་པ། འགྲིམ་འགྲུལ་ཆ་རྐྱེན་ཡག་པ། ཁོར་ཡུག་གི་ཐེག་ནུས་ཅུང་ཆེ་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པས། གནས་སྤོ་བྱས་རྗེས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་སྲུང་ཐུབ་རྒྱུ་རེད་ཅེས་གསུངས།

གཞན་ཡང་གནས་སྤོས་མང་ཚོགས་དེ་སྔ་མཚོ་གཉིས་སུ་འཚོ་སྡོད་བྱེད་སྐབས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་། དམངས་ཕན་སྲིད་ཇུས། འབྲེལ་ཡོད་ཁ་གསབ་རོགས་དངུལ་སོགས་ལ་འགྱུར་བ་མི་གཏོང་རྒྱུ་དང་ཆབས་ཅིག མཚོ་གཉིས་རྫོང་གི་སློབ་འཁྲིད་ལས་ཁུངས་གནས་སྤོ་བྱ་ཡུལ་དུ་སྤོ་བཟོ་ཡོད་པས། སློབ་གསོའི་སྤུས་ཚད་འགན་ལེན་ཐུབ་རྒྱུ་དང་སློབ་མ་གོང་འཕེལ་གཏོང་ཤེད་ཆེ་རུ་འགྲོ་རྒྱུ། དགེ་རྒན་གྱི་ཐོན་ཁུངས་འགན་ལེན་ཐུབ་རྒྱུ་བཅས་ལ་ཕན་པ་ཆེན་པོ་ཐོན་རྒྱུ་ཡིན་པས། དེ་ནི་མཚོ་གཉིས་རྫོང་གི་མང་ཚོགས་ཚོའི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ཞིག་ཀྱང་རེད།

ཤེས་རབ་རྒྱ་མཚོ་ནས་འབྲོག་པའི་སྒོ་ཕྱུགས་ཕྱིར་འཚོང་དང་། མངག་བཅོལ་དོ་དམ། མ་རྐང་ནང་ཞུགས་པའི་མཉམ་ལས་ཁང་སོགས་རྣམ་པ་སྣ་ཚོགས་ཐོག་ནས་མི་ཕྱིར་གནས་སྤོས་རྗེས་ཕྱུགས་ཟོག་ལ་དོ་དམ་བྱེད་མཁན་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། འབྲོག་པ་མང་ཚོགས་རྣམས་འཚོ་སྡོད་བྱ་ཡུལ་དེ་བས་འཚམ་པའི་ཕྱོགས་སུ་གནས་སྤོས་བྱས་ཀྱང་ཁོང་ཚོའི་དེ་སྔའི་ཐོན་སྐྱེད་རྒྱུ་ཆ་སྔར་བཞིན་མཚོ་གཉིས་སུ་འཇོག་རྒྱུ་དང་། མ་རྐང་ནང་ཞུགས་པའི་མཉམ་ལས་ཁང་གིས་ལོ་མཇུག་ཏུ་ཁོང་ཚོར་ཁེ་སྤོགས་བགོ་རྒྱུ་མ་ཟད། ཁྱིམ་ཚང་གི་བཟའ་བཅའི་ཤ་རིགས་འགན་སྲུང་བྱེད་རྒྱུ་རེད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།