བོད་ལྗོངས་ཀྱིས་ལོ་ལྔའི་ནང་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར254དོན་འཁྱོལ་བྱས་ནས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་ལ་གཅེས་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདས་ཟིན་པའི་ལོ་ལྔའི་ནང་བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་སྔར་བས་གལ་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཟུང་ནས་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་ཞིང་། རིམ་རྩིས་བྱས་ན་རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར254.34དོན་འཁྱོལ་བྱས་ཏེ་ཚགས་ཚུད་པའི་སྒོ་ནས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་ལ་གཅེས་སྐྱོང་བྱས་ཡོད། འདི་ནི་གསར་འགོད་པས་སྤྱི་ཚེས8ཉིན་སྐོང་ཚོགས་བྱས་པའི2018ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡིན།

བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་5ནི་བོད་ལྗོངས་ཀྱི་ལམ་ལུགས་བཏོན་ཚད་མང་ཤོས་དང་སྲུང་སྐྱོབ་མ་དངུལ་གཏོང་ཚད་མཐོ་ཤོས། སྦགས་བཙོག་ལེགས་བཅོས་བྱེད་ཤུགས་ཆེ་ཤོས། ལྟ་སྐུལ་དོ་དམ་གྱི་ཁྲིམས་ལུགས་ལག་བསྟར་བྱེད་ཚད་ནན་ཤོས་བཅས་ཀྱི་ལོ5ཡིན་ཞིང་། སྔ་རྗེས་སུ་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་ལམ་ལུགས60ལྷག་ཙམ་བཟོ་བཅོས་དང་གཏན་འབེབས་བྱས་ནས་བཏོན་པ་དང་། ཁོར་ཡུག་སྲུང་སྐྱོབ་རྫོང་ཁོངས་ཀྱི་དཔྱད་ཞིབ་ཐོག་མར་གསར་དུ་བཏོད་ནས་དཔྱད་ཞིབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར2.26གཤམ་སྤྲོད་བྱས་པ་དང་། དཔྱད་ཞིབ་ཀྱི་ཚད་གཞི་མ་ལོན་པའི་རྫོང(ཆུས)15ཡི་འགན་འཁུར་མི་སྣ་གཙོ་བོ་དང་ཁ་ཆད་སྐོང་མོལ་བྱས་ཡོད་པ་རེད།

སྦགས་བཙོག་འགོག་བཅོས་བྱེད་པའི་ཐད། བོད་ལྗོངས་ཀྱིས་རླུང་ཁམས་ཆེན་པོ་དང་ཆུ། ས་ཞིང་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་སྤྱོད་ཆེན་པོ་གསུམ་གྱི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། རྫས་འགྱུར་གྱི་གསོ་རླུང་མཁོ་ཚད་དང་ཨན་ཏན། དབྱང་གཉིས་མུ་ཟི། ཏན་དབྱང་འགྱུར་རྫས་བཅས་སྦགས་བཙོག་དངོས་པོ་གཙོ་བོ་ཁག་བཞིའི་སྤྱིའི་འབུད་ཚད་དང་ཁོར་ཡུག་སྤུས་ཚད་ལེགས་བཅོས་ཀྱི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་རྒྱལ་ཁབ་ཀྱི་བླང་བྱ་དང་མཐུན་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་སྤྱིའི་ཆར་ལེགས་པ། གཙང་ཆུ་དང་མཚེའུ་གཙོ་བོ། ས་ཁུལ་དང་གྲོང་ཁྱེར་7གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་ཚད་གཞི་ལོན་ཚད་བརྒྱ་ཆ100ཟིན་ཡོད།

ཁོར་ཡུག་གཅུན་སྡོམ་བྱེད་པའི་ཐད། རིམ་ཁག་ཁོར་ཡུག་སྲུང་སྐྱོབ་ཚན་པས་རྣམ་གྲངས་འཛུགས་སྐྲུན་ཐོན་ལས་ཀྱི་སྲིད་ཇུས་གནད་འགག་དང་ཐོན་ཁུངས་ཟད་གྲོན་གྱི་གནད་འགག སྣོད་བཅུད་ཁོག་ཡུག་གི་གནད་འགག་བཅས་ནན་ཏན་དམ་འཛིན་བྱས་པ་དང་། འཆར་འགོད་བྱས་པའི་ཁོར་ཡུག་ཤུགས་རྐྱེན་སྐོར་གྱི་དཔྱད་དཔོག་ཡིག་ཆ103འདྲི་དཔྱོད་བྱས་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་སྐོར་གྱི་དཔྱད་དཔོག་ཡིག་ཆ29896ཞིབ་བཤེར་ཆོག་མཆན་སྤྲད་པ། ཁོར་ཡུག་ལྟ་སྐུལ་དོ་དམ་དྲ་བ6240བཙུགས་པ། རིམ་རྩིས་བྱས་ན་ཁོར་ཡུག་ཁྲིམས་འཛིན་མི་སྣ་མི་ཐེངས་ཁྲི3.5བཏང་ནས་ཁེ་ལས(རྣམ་གྲངས)ཞིབ་བཤེར་ཐེངས16218བྱས་པ། གྱོད་དོན963ཐོ་འགོད་དང་ཆད་གཅོད་བྱས་ཡོད།

སྣོད་བུཅད་སྲུང་སྐྱོབ་ལ་མ་དངུལ་བཏང་བའི་ཐད། ལོ5ཡི་ནང་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རིགས་མི་འདྲ་བའི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར254.34དོན་འཁྱོལ་བྱས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོབ་ཁུལ47བསྐྲུན་ཟིན་པ། རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང10དང་སྣོད་བཅུད་གྲོང་གསེབ173 སྣོད་བཅུད་གྲོང་ཚོ1924བཅས་བསྐྲུན་ཡོད།

ནུས་ཤུགས་བཏོན་ན་གྲུབ་འབྲས་ཐོབ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་སྙན་ཞུའི་ཐོག་གསལ་བར། ད་ཆ་མཚོ་བོད་ས་མཐོའི་རིགས་ཁག་གི་སྣོད་བཅུད་མ་ལག་གི་གྲུབ་ཆ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་སྣོད་བཅུད་སྤུས་ཚད་བརྟན་པོའི་ངང་ལེགས་པའི་ཕྱོགས་སུ་འགྲོ་བ། ཆུ་དང་རླུང་། སྒྲ། ས་ཞིང་། འགྱེད་འཕྲོ། དེ་བཞིན་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་བཅས་ཚང་མའི་རྣམ་པ་ལེགས་པོ་རྒྱུན་སྲིང་ཐུབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།