《2017ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན་གྱི་སྔ་དྲོར། 《2017ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། 《སྤྱི་བསྒྲགས》ནང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གོ་སྐབས་སུ་བྱས་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་དེ་དམ་འཛིན་བྱ་གཞིར་བྱས་ནས་ཁོར་ཡུག་སྲུང་སྐྱོང་སྒྱུར་བཅོས་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ། སྣོད་བཅུད་སྲུང་སྐྱོང་། སྦགས་བཙོག་འགོག་བཅོས་སོགས་ཐད་ནས་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་ཕན་འབྲས་གསར་པ་ངོ་སྤྲོད་བྱས་པ་རེད།

2017ལོར་རང་ལྗོངས་ཀྱི་ཁོར་ཡུག་སྤུས་ཚད་མུ་མཐུད་རྒྱུན་འཁྱོངས་ཡག་པོ་ཐུབ་ཅིང་། གཙང་པོ་དང་མཚེའུའི་ཆུ་སྤུས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་འབྲེལ་ཡོད་ཚད་གཞིར་སླེབས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གནས་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས22ཀྱི་ཆུ་སྤུས་ཡག་པོ་རྒྱུན་འཁྱོངས་ཐུབ་ཅིང་། 《ས་འོག་ཆུའི་སྤུས་ཚད་ཀྱི་ཚད་གཞི》IIIརིགས་ཀྱི་ཚད་གཞིའམ་ཡང་ན《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི》IIIརིགས་ཀྱི་ཚད་གཞིར་སླེབས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རླུང་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིར་ན་ཡག་པོ་ཡོད་པ་དང་། ཁོར་ཡུག་གི་མཁའ་རླུང་ལེགས་ཚད97.5%ཟིན་པ་དེ2016ལོ་དང་བསྡུར་ན་བརྒྱ་ཆའི་གྲངས7.5འཕར་ཡོད། གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་འཛེར་སྒྲའི་ཁོར་ཡུག་སྤུས་ཚད་སྤྱིར་ན་ཅུང་བརྟན་པོ་ཡིན་པ་སྟེ། ལོའི་སྙོམས་ཐང་ཧྥུན་པེ69.2ཡིན་པ་དེ་ལོ་གོང་མ་དང་བསྡུར་ན1.8%ཆག་ཡོད། གྲོང་ཁྱེར(ས་ཁུལ)7གྱི་གནས་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་ཐོན་ཚད་ཏུན་ཁྲི50.99ཡིན་པ་དང་གཙང་སེལ་བྱེད་ཚད91.24%ཟིན་ཡོད། 2017ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ47དང་རིགས་ཁག་གི་སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ22བསྐྲུན་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་ནང་བཅུག་སྟེ་རྫོང36ལ་གཏོང་སྤྲད་བྱས་ཡོད། མ་ཕམ་གཡུ་མཚོ་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདེ་བླག་ངང་གྱུར་པ་དང་། སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་ཁུལ་ལེགས་སྒྲིག་བྱས་པར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ཡོད།

2017ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གཏན་ལ་ཕབ་པའི་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་དམིགས་ཚད་ལས་འགན་ལྟར། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལ་བརྟེན་ནས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཁག་གཅིག་ཐག་གཅོད་ཏན་ཏིག་བྱས་པས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཕྱིན་ཡོད། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད(2008—2030ལོ)》མུ་མཐུད་ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར11.43བཏང་བ་དང་། རིགས་ཆེ་གྲས་3གྱི་གཙོ་གནད་ལས་གྲྭ10ལག་བསྟར་བྱས་ཡོད། “2017ལོའི་ཕུབ་ལྗང”ཞེས་པའི་ཆེད་དོན་ཞིབ་བཤེར་བྱས་ནས་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མིའི་རིགས་འགུལ་སྐྱོད་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་འབྲས་བུའི་ས་ངོས་ཞིབ་བཤེར་ཐེངས23བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁྱོན་ཡོངས་ནས་གཙང་སེལ་དང་དག་ཐེར་བྱས་ཡོད། ཁོར་ཡུག་ལ་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་བཏང་བ་དང་ཁོར་ཡུག་གི་ཆོག་འཐུས་འགག་སྒོ་ནན་པོ་སྲུང་ནས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མི་མཐུན་པའི་འཛུགས་སྐྲུན་རྣམ་གྲངས10ལ“སྤ་སེ་གཅིག་གིས་ཁྲ་སློག་པའི”སྲིད་ཇུས་ལག་བསྟར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།