​གཞིས་རྩེས་ཐོན་ལས་དབུལ་སྐྱོར་རྣམ་གྲངས209ལག་བསྟར་བྱས་པས་དབུལ་ཕོངས་མང་ཚོགས་ཕན་ཡོན་བཟང་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་འཐབ་ས་གཙོ་བོ་གསུམ་གྱི་གྲས་ཤིག་ཡིན་ཞིང་།  ན་ནིང་ལོ་མཇུག་ཏུ་བབ་བསྟུན་ལེགས་སྒྲིག་བྱས་རྗེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར87900ཟིན་ཡོད།  དེང་སྐབས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་དེ་དཀའ་ཚེགས་ཆེ་བའི་མཐའ་མའི་གདོང་མཆོང་དུས་སྐབས་སུ་སླེབས་པས། 

གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་འཕིགས་རྒྱུན་འཁྱོངས་ངང་མི་དང་ཡུལ་བབ་ལ་བསྟུན་ནས་ཇུས་འགོད་བྱས་ཏེ།  རྣག་ཐོག་གཙག་འཁེལ་དང་ཤུགས་འདོན་གནད་འཕིགས་བྱས་ནས་ཁག་ཅིག་བྱས་པ་དགུའི་ལས་གཞི་ལག་ལེན་ཤུགས་ཆེ་བསྟར་བས།  དབུལ་གྲོལ་འགག་སྒྲོལ་བྱེད་སྟངས་སྟབས་བསྟུན་སྣེ་མང་དང་འཕེལ་རིམ་མགྱོགས་ལ་གོམ་སྟབས་བརྟན་ཞིང་ཕན་འབྲས་ཆེ་བས་མང་ཚོགས་བློ་ཡིད་འཚིམ་པོ་བྱུང་ཡོད། 

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་འཐུས་ཚང་བཟོས་ཏེ།  མ་དངུལ་སྒོར་དུང་ཕྱུར34.8བཏང་ནས་སྔ་ཕྱི་བསྡོམས་ཐོན་ལས་དབུལ་སྐྱོར་རྣམ་གྲངས209ལག་བསྟར་བྱས་པས་དབུལ་ཕོངས་མང་ཚོགས56000ལ་ཕན་པ་ཐོབ་ཡོད།  ཞིང་ལས་སྡེ་གླིང་གི་ཐོན་ལས་ས་ཁོངས་ཅན་དང་གཞི་ཁྱོན་ཅན་གྱི་གྲུབ་ཚུལ་རགས་ཙམ་ཆགས་ཟིན་པ་དང་།  ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གཙོ་ཆེའི་དབུལ་སྐྱོར་རྣམ་གྲངས་གཅིག་སྡུད་ཁུལ་ཞིག་གྲུབ་བཞིན་ཡོད། 

གཞིས་རྩེ་གྲོང་ཁྱེར་གྱིས་འཚོ་གནས་ཆ་རྐྱེན་ཞན་པ་དང་སྐྱེ་ཁམས་ཉམས་ཞན།  རང་བྱུང་གནོད་འཚེ་ཐོན་སླ་བ་སོགས་ཀྱི་ཁུལ་དུ་འཚོ་སྡོད་བྱེད་པའི་དབུལ་ཕོངས་མི་འབོར་ལ་གནས་སྤོས་དབུལ་སྐྱོར་ལས་གཞི་ལག་བསྟར་གང་མགྱོགས་བྱས་པ་རེད།  ད་བར་གྲོང་ཁྱེར་དེ་ཡོངས་སུ་གནས་སྤོས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར43.1འབྱོར་བའི་ནང་མ་དངུལ་སྒོར་དུང་ཕྱུར27.5གཤམ་སྤྲོད་བྱས་ཏེ།  དུད་ཚང7931དང་མི32900ལ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཟིན་ནས་དུད་ཚང6974ཡི་མི28700ལྷག་ཙམ་སྡོད་ཁང་གསར་པའི་ནང་སྤོས་ཟིན་པ་རེད། 

གཞིས་རྩེ་གྲོང་ཁྱེར་གྱིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་སྐྱེ་ཁམས་ཁ་གསབ་བརྒྱུད་དབུལ་གྲོལ་ཡོང་ཐབས་བྱེད་པའི་ལག་བསྟར་ཇུས་གཞི་དང་དབུལ་གྲོལ་འགག་སྒྲོལ་གྱི་སྐྱེ་ཁམས་ཁ་གསབ་བརྒྱུད་དབུལ་གྲོལ་ཡོང་ཐབས་བྱེད་པའི་ལས་ཀའི་ཞིབ་དཔྱད་ཀྱི་ཚོད་ལྟ་ལག་བསྟར་བྱ་ཐབས་བཟོས་ཏེ་པར་འགྲེམས་བྱས་ཟིན་པ་དང་།  སྤྱི་ལོ2017ལོར་སྐྱེ་ཁམས་ཁ་གསབ་བརྒྱུད་ལས་ཞུགས་ལས་གནས་ཁྲི་ཚོ18.27དང་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར5.48དོན་འཁྱོལ་བྱས་པ་མ་ཟད།  ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་བ་དང་རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་བ།  རང་བྱུང་ནགས་ཚལ་སྲུང་སྐྱོང་།  འགོག་སྲུང་ནགས་ཚལ་འཛུགས་སྐྱོང་སོགས་ཀྱི་སྐྱེ་ཁམས་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་སྐྱེ་ཁམས་ཉམས་ཞན་ཁུལ་དུ་འཚོ་བ་སྐྱེལ་མཁན་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་དེ་སྐྱེ་ཁམས་སྲུང་སྐྱོང་པ་དང་ནགས་སྲུང་པ་སོགས་ལ་བསྒྱུར་ཏེ་སྐྱེ་ཁམས་ལས་ཞུགས་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་པ་བྱས་ཡོད། 

གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཞུགས་སྤོ་འགྱུར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ་དང་།  དབུལ་ཕོངས་མི་འབོར་གྱི་ཆེད་དོན་སྦྱོང་བརྡར་མ་དངུལ་སྒོར་ཁྲི་ཚོ2071ལྷག་ཙམ་གཤམ་སྤྲོད་བྱས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར6081ལ་རྩལ་ནུས་སྦྱོང་བརྡར་སྤྲད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར8843ལས་ཞུགས་སྤོ་འགྱུར་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།