ནགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཕྱིན་པ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ།

 ——— ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་པའི་སྐོར།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲིའི་ནགས་ལས་ཀྱི་སྣོད་བཅུད་ཤེས་དཔལ་སྒྱུར་བཅོས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་གསོན་ཤིང་གི་གསོག་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར13.61ཟིན་པ་དང་། ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི653.79ཟིན་པ། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི543.6ཟིན་པ། ནགས་ཚལ་ཁྱབ་ཚད47.6%བཅས་ཟིན་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ཁྲོད་ཨང་དང་པོར་སླེབས་པ་དང་ཆབས་ཅིག རིམ་རྩིས་བྱས་ན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར30ལྷག་ཙམ་བཏང་སྟེ་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད“གཉིས་ཀ་འཕར་བ”དང་། ནགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་ཞིང་འབྲོག་པའི་ཡོང་འབབ“གཉིས་ཀ་འཕར་བའི”དམིགས་ཚད་རྩ་བའི་ཆར་མངོན་འགྱུར་བྱུང་ཡོད་པ་རེད།

མི་ཚང་མས་སྣོད་བཅུད་ཀྱི་སྲུང་དམག་བྱ་རྒྱུར་འབད་བརྩོན་ཧུར་ཐག་བྱེད་པ།

2005ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་ལག་བསྟར་བྱེད་འགོ་ཚུགས་པ་དང་། 2017ལོ་ཁོ་ནར་དོན་འཁྱོལ་བྱས་པའི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར2.164ཟིན་ནས་ནགས་ཚལ་ལ་དགའ་ཞེན་དང་ནགས་ཚལ་སྲུང་སྐྱོང་བྱེད་པའི་མང་ཚོགས་ཚོའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་ཐུབ་ཡོད་པ་རེད།

“ད་ལྟ་ང་ཚོས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དང་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གནས་ཐུབ་པ་བྱས་ཚེ་གཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་དེ་བས་ཡག་པའི་སྒོ་ནས་སྐྱོད་ཐུབ་ངེས་ཡིན་པ་ཤེས་ཀྱི་འདུག”ཅེས་ད་ལོ་ལོ60ལྷག་ཙམ་ལ་སླེབས་པའི་ཀོང་པོ་རྒྱ་མདའ་རྫོང་གི་ནགས་སྲུང་བ་རྒན་གྲས་བསོད་ནམས་དཔལ་ལྡན་གྱིས་བཤད་པ་དང་། ཁོང་གིས་ལོ་འདི་དག་རིང་རྒྱལ་ཁབ་ཀྱིས་སྣོད་བཅུད་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་བསྟུན་ནས་ངའི་ལས་ཀའང་མང་དུ་ཕྱིན་ཏེ་ལོ་ལྟར་ཟླ10པ་ནས་སང་ལོའི་ཟླ་5པའི་བར་ནི་ལས་བྲེལ་ཆེ་ཤོས་ཡིན་ཞེས་བཤད། ནགས་སྲུང་བའི་དཀའ་སྤྱད་ངལ་རྩོལ་དང་ས་གནས་དེ་གའི་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་ལས་ཁོང་གིས་འགན་འཁུར་བའི་ནགས་ཁུལ་ལ་ལོ་དེ་དག་རིང་ནགས་ཚལ་གྱི་མེ་སྐྱོན་གནོད་འཚེ་དང་ཤིང་སྡོང་གང་བྱུང་དུ་གཅོད་པ་སོགས་ཀྱི་སྣང་ཚུལ་གང་ཡང་ཐོན་མེད་པ་རེད།

ནགས་ལས་ཀྱི་ཁྲིམས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

ཉིང་ཁྲི་གྲོང་ཁྱེར་གྱི་ནགས་སའི་རྒྱ་ཁྱོན་ལ་ཁྱོན་སྤྱི་ཆིང་ཁྲི543.6ཡོད་པ་དང་། གཞི་ཁྱོན་ཆེ་བ་དང་ནགས་ཚལ་གྱི་སྤྱི་བདེའི་ཉེན་རྟོག་པའི་སྟོབས་ཤུགས་ཚབས་ཆེན་མི་འདང་བ་བཅས་ལས་ནགས་ལས་ཁྲིམས་འཛིན་ཐད་འགྲན་སློང་ཆེན་པོ་འཕྲད་ཡོད་པ་རེད།

རྫོང(ཆུས)ཁག་གི་ནགས་ཚལ་ཁྲིམས་འཛིན་སྡེ་ཚན་གྱི་མི་སྣ་དཀོན་པ་དང་ཁྲིམས་འཛིན་མི་སྣའི་བྱང་ཚད་ཆ་མི་སྙོམས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དྲུག་དང་ཆུས་གཅིག་གི་ནགས་ཚལ་སྤྱི་བདེ་ཅུས་དང་དེ་བཞིན་འབྲེལ་ཡོད་ཚན་པ་ཁག་དབར་ནགས་ལས་ཀྱི་མཉམ་འགུལ་ཁྲིམས་འཛིན་ལམ་སྲོལ་བཙུགས་པ་རེད།

བྱེད་ཐབས་རབ་དང་རིམ་པ་བརྒྱུད་ཉིང་ཁྲིའི་ནགས་ལས་ཁྲིམས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཁྲིམས་འཛིན་འགན་ནུས་འདོན་སྤེལ་དང་ཟིལ་གནོན་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2018ལོར་ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ལ་རྒྱལ་ཡོངས་ནགས་ལས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐེངས་དང་པོ་ཐོབ་ནས་ཉིང་ཁྲིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། མི་སེར་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

ནགས་ཚལ་གྱི་བདག་དབང་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་བ།

2017ལོར། ཉིང་ཁྲི་གྲོང་ཁྱེར་གྱིས“ནགས་ཚལ་གྱི་བདག་དབང་ཁ་གསལ་བཟོ་བ་དང་། གཉེར་སྐྱོང་དབང་ཆ་ལྷུག་ཏུ་གཏོང་བ། ཐག་གཅོད་བྱེད་དབང་དོན་འཁྱོལ་བྱེད་པ། ཁེ་བཟང་དབང་ཆ་འགན་ལེན་བྱེད་པ”བཅས་ནང་དོན་གཙོ་བོར་བྱས་པའི་མཉམ་སྡེབ་ནགས་ཚལ་གྱི་བདག་དབང་ལམ་ལུགས་དངོས་སུ་སྒྱུར་བཅོས་བྱེད་འགོ་ཚུགས་པ་རེད།

《བོད་རང་སྐྱོང་ལྗོངས་ཀྱི་མཉམ་སྡེབ་ནགས་ཚལ་གྱི་བདག་དབང་ལམ་ལུགས་སྒྱུར་བཅོས་ལག་བསྟར་ཇུས་གཞི》དང《ཉིང་ཁྲི་གྲོང་ཁྱེར་གྱི་མཉམ་སྡེབ་ནགས་ཚལ་གྱི་བདག་དབང་ལམ་ལུགས་སྒྱུར་བཅོས་ལག་བསྟར་ཇུས་གཞི》གཞིར་བཟུང་། 2017ལོའི་ལོ་མཇུག་ཏུ། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དྲུག་དང་ཆུས་གཅིག་གི་ནགས་ཚལ་སྒྱུར་བཅོས་ཕྱིའི་དབྱེ་མཚམས་ཀྱི་བདག་དབང་གཏན་འཁེལ་ལས་དོན་ལེགས་སྒྲུབ་བྱས་ནས་ནགས་སའི་ཁོངས་གཏོགས་ས་ཆ993དང་མུའུ་ཁྲི10.02གཏན་འཁེལ་བྱས་ཏེ་ལོ་འཁོར་ལས་འགན་གྱི100.16%ལེགས་སྒྲུབ་བྱས་པ་དང་ཆབས་ཅིག 2017ལོའི་ཟླ12ཚེས28ཉིན་སྨན་གླིང་རྫོང་དུ་མཉམ་སྡེབ་ནགས་ཚལ་གྱི་བདག་དབང་ལམ་ལུགས་སྒྱུར་བཅོས་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཐོག་མ་དེ་འཚོགས་པ་རེད།

ནགས་ལས་སྒྱུར་བཅོས་ལམ་ལུགས་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ནགས་ལས་དེ་ཁ་ཐོར་གཉེར་སྐྱོང་ནས་གཅིག་སྡུད་གཅིག་གྱུར་གྱི་གཉེར་སྐྱོང་བྱ་རྒྱུར་རིམ་བཞིན་གྱུར་ནས་དཔེ་སྟོན་བྱེད་པ་དང་། ཐབས་ལམ་འཚོལ་བ། ཉམས་མྱོང་གསོག་པ་བཅས་ཀྱི་ནུས་པ་ཐོན་ནས་མི་སེར་གྱི་མཐོང་རྒྱ་ཆེ་རུ་དང་ཕྱུག་འགྱུར་ལམ་བུ་སྔར་བས་ཡངས་སུ་ཕྱིན་ཡོད་པ་རེད།

ལྗང་མདོག་དམངས་ཕྱུག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བྱུང་བ།

“ནགས་ཚལ་ནི་གཏེར་མཛོད་ཅིག་ཡིན། ལུགས་མཐུན་གསར་སྤེལ་དང་བེད་སྤྱོད་མཁས་པོ་བྱུང་ཚེ་ང་ཚོར་རྫོགས་མཐའ་མེད་པའི་རྒྱུ་ནོར་ཐོབ་སྲིད”སྤོ་བོ་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་སྐལ་བཟང་ནོར་བུ་ནི་ནགས་ཚལ་ལ་བརྟེན་ནས་ཁྱིམ་གཞིས་འཛུགས་པ་དང་ཕྱུག་པོར་གྱུར་བ་ཞིག་རེད། ལོ་མང་གོང་ཁོང་གིས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས་ནས་གྲོང་ཚོའི་རྟེན་གཞིའི་ནང་དུ་སྡོང་ཕུང་སྤྱི་རྒྱ400ལྷག་ཙམ་བདེ་བླག་ངང་འདེབས་འཛུགས་བྱས་པས་སྡོང་ཕུང་གི་ས་བོན་སྤྱི་རྒྱ150ལྷག་ཙམ་བྱུང་བ་དང་འབབ་འཕར་སྒོར་ཁྲི10ཙམ་བྱུང་ཡོད་པ་རེད།

ལྗང་མདོག་ནི་དཔལ་འབྱོར་དང་སྲུང་སྐྱོང་ནི་འཕེལ་རྒྱས་རེད། “ང་ཚོས་ངེས་པར་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྗང་མདོག་གསར་གཏོད་དང་། ལྗང་མདོག་མཐུན་སྦྱོར། ལྗང་མདོག་འཕེལ་རྒྱས། ལྗང་མདོག་སྒོ་དབྱེ། སྲུང་སྐྱོང་ཨང་དང་པོ་བཅས་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ནགས་ལས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གངས་ལྗོངས་ས་མཐོའི་ནམ་མཁའ་དང་ས་གཞི་སྔོ་ཞིང་དྭངས་བ་དང་ཆུ་མོ་དྭངས་གཙང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ཉི་མས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།