ད་ལོའི་ཞོ་སྟོན་རིང་བོད་ལྗོངས་ཀྱི་ལྷ་མོ་ཚོགས་པ11གིས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་གནས་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཞོ་སྟོན་ནི་སྤྱི་ཟླ8པའི་ཚེས11ཉིན་ནས་ཚེས17ཉིན་བར་ཡིན་པ་དང་།  ཞོ་སྟོན་རིང་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་ཆེ་མོ་སྐབས་ལྔ་པ་དང་ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་བདུན་པའི་བྱེད་སྒོ་སྤེལ་རྒྱུ་རེད།  བོད་ལྗོངས་ཀྱི་ལྷ་མོ་ཚོགས་པ11གིས་ད་ལོའི་འགྲན་བསྡུར་ཐོག་ཞུགས་ནས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་རེད།  ད་ཐེངས་ཀྱི་འགྲན་བསྡུར་དང་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་ནི་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་ཁག་གཉིས་སུ་དབྱེ་ཡོད་པ་དང་ཁྱོན་འཁྲབ་སྟོན་ཐེངས14བྱ་རྒྱུ་རེད།

ད་ལོའི་སྐབས་ཞོ་སྟོན་རིང་དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་སྟོན་འགྲན་བསྡུར་ཕུད།  སྤྱི་ཟླ8པའི་ཚེས11ཉིན་གྱི་སྔ་དྲོ།  ཆུ་ཤུར་གྱི་ཤེལ་རོང་འབྲོང་རྩེད་ལྷ་མོ་ཚོགས་པ་དང་སྙེ་མོ་དར་རོང་ལྷ་མོ་ཚོགས་པས་རྫོང་རྒྱབ་ཀླུ་ཁང་དང་ནོར་བུ་གླིང་ཁར་འགོ་ཚུགས་འཁྲབ་སྟོན་བཀྲ་ཤིས་པའི་འབྲོང་རྩེད་དང་བཀྲ་ཤིས་ཞོལ་འབག་གཉིས་འཁྲབ་སྟོན་བྱ་རྒྱུ་རེད།

ད་དུང་སྤྱི་ཟླ8པའི་ཚེས13ཉིན་ནས་ཚེས15ཉིན་གྱི་དགོང་དྲོ།  ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་ལྗོངས་ལྷ་མོ་ཚོགས་པས་གསར་དུ་རྩོམ་སྒྲིག་བྱས་པའི་སྣང་འོད་འབུམ་གྱི་རྣམ་ཐར་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།