ལོ་སྟོད་དུ་བོད་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གཞི་ཁག་གི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཆུ་བེད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལོ་སྟོད་དུ་བོད་ལྗོངས་ཀྱིས་གཙོ་གནད་ཆུ་བེད་ལས་གཞིར་སྐུལ་འདེད་ཧུར་ཐག་བཏང་བས་དེང་སྐབས་བོད་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གཞི་ཁག་གི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་ཡོད། 

རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན།  ད་ལོ་བོད་ལྗོངས་ཀྱིས་གཙོ་གནད་ཐོག་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་དང་ཡར་ལྷ་ཤམ་ཆུའི་ཆུ་མཛོད།  གཙང་བྱང་ཆུ་འདྲེན་ཁུལ་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པ་དང་ལ་ལྷོའི་ལས་གཞི་དང་ཤངས་ཆུའི་ལས་གཞི།  གྲོ་ཡུལ་ཆུ་མཛོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ།  ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་དང་ཆུ་མཛོད་འབྲིང་གྲས་རྣམ་གྲངས་ཀྱི་གྲ་སྒྲིག་ལས་ཀར་སྐུལ་སྤེལ་གཏོང་བ།  རྫོང་ཐུང་ཁའི་ཆུ་བེད་ལྟེ་བའི་ལས་གཞི་དང་བྲག་སྐོར་ཆུ་མཛོད།  གངས་ཁྲོ་ཆུ་མཛོད་སོགས་ལས་གཞི་ལས་འགོ་འཛུགས་སྐྲུན་ཐུབ་པ།  ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད། 

ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་ནི་ལྷ་ས་སྐྱིད་ཆུའི་སྣེ་འདྲེན་ཆུ་མཛོད་ཅིག་ཡིན་པ་དང་དེའི་ལས་གཞིའི་སྤུས་ཚད་དང་ཨར་སྐྲུན་མྱུར་ཚད།  འཛུགས་སྐྲུན་མ་དངུལ།  ཐོན་སྐྱེད་བདེ་འཇགས།  ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་ཡོད་ཅིང་གཉེར་སྐྱོང་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ་ཞིག་བྱུང་ཡོད་པ་དང་།  ཡར་ལྷ་ཤམ་ཆུའི་ཆུ་མཛོད་ཀྱི་ལས་གཞི་ཨ་མ་ན་ནིང་སྤྱི་ཟླ11པའི་ནང་སྐྲུན་ཟིན་ནས་ཆུ་གསོག་འགོ་ཚུགས་པ་དང་།  ད་ལོའི་སྤྱི་ཟླ2པར་དུས་མཚམས་དང་པོའི་ཆུ་བསགས་ཟིན་ཡོད་ཅིང་དེང་སྐབས་དུས་མཚམས་གཉིས་པའི་ཆུ་གསོག་བཞིན་ཡོད་པས།  ད་ལོའི་སྤྱི་ཟླ 10པར་ལས་གཞི་ཡོངས་སྐྲུན་ཟིན་ནས་བེད་སྤྱོད་བྱེད་རྒྱུར་རྩིས་སྤྲོད་ཐུབ་བཟོ་ཡོད་པ་དང་།  སྤྱི་ལོ2019ལོའི་ལོ་མཇུག་ཏུ་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གཞི་ཡང་ཆུ་གསོག་ཐུབ་བཟོ་ཡོད་པ།  གྲོ་ཡུལ་ཆུ་མཛོད་ལ་ཆུ་དང་གློག ལམ་བཅས་ཤར་གཏོང་ཐུབ་པ་མ་ཟད་ས་འཁོད་སྙོམས་ཟིན་ནས་ཐོག་མའི་སྙན་ཞུར་ཆུ་བེད་པུའི་ཆུའི་འཆར་འགོད་སྤྱི་ཁྱབ་ཁང་གི་ཞིབ་དཔྱད་བཀའ་ལན་ཐོབ་པ་བཅས་བྱུང་ཡོད། །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།