བོད་ལྗོངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་བེད་སྤྱོད་ལས་སྒོ་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ་འགྲེམ་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་བེད་སྤྱོད་ལས་སྒོ་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་ཏེ།  སྡོད་ཁང་སྤྱི་གསོག་མ་དངུལ་ལས་སྒོ་ལ་དམིགས་ནས་འབྲེལ་ཡོད་ལས་དོན་ལེགས་སྒྲིག་བྱས་ཡོད།  སྡོད་ཁང་སྤྱི་གསོག་མ་དངུལ་རྒྱུན་གཏན་ལྟར་ཐོ་ཁོངས་སུ་བཅོལ་ནས་ཟླ་བ་དྲུག་སོང་བའི་རང་ལྗོངས་ཀྱི་ལས་བྱེད་ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་གྱི་སྡོད་ཁང་དངུལ་བུན་གཡར་ཆོག་གི་ཡོད།

རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཏིང་སླིད་ཧུང་ནས།  སྤྱི་ལོ2019ལོའི་ཟླ་བ1པོའི་ཚེས1ཉིན་ནས་བཟུང་།  བོད་ལྗོངས་ཀྱི་ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་བར་དངུལ་བུན་མང་ཤོས་སུ་དེ་སྔའི་སྒོར་ཁྲི་ཚོ70གཡར་ཆོག་པ་ནས་ད་ལྟའི་ཁྲི་ཚོ90བར་མང་དུ་བཏང་ཡོད་པ་དང་།  དངུལ་བུན་གཡར་ཡུན་རིང་ཤོས་ནི་སྔོན་མ་ལྟར་ལོ20ཡིན་ཞིང་།  ལས་བཟོ་པས་ཟླ་རེར་བུ་ལོན་འཇལ་བའི་ནུས་པ་དང་དངུལ་བུན་གཡར་རྒྱུའི་དུས་བཀག་རིང་ཤོས་སོགས་ཀྱི་གནས་ཚུལ་གཞིར་བཟུང་ཞིབ་ཕྲའི་དངུལ་བུན་གཏོང་རྒྱུའི་གྲངས་འབོར་གཏན་འཁེལ་བྱེད་རྒྱུ་རེད་ཅེས་གསུངས་པ་རེད།

ཏིང་སླིད་ཧུང་ནས་ད་དུང་།  ཚོང་ལས་དངུལ་ཁང་གི་སྡོད་ཁང་དངུལ་བུན་ལྷག་གྲངས་དེ་སྒོར་ཁྲི་ཚོ90ལས་དམའ་བ་དང་ཡང་ན་གཅིག་པ་ཡིན་ཚེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ལ་འགྱུར་རྒྱུའི་རེ་ཞུ་འབུལ་ཆོག་པ་དང་།  སྔ་སྣུར་དུ་བུ་ལོན་སྤྲོད་པའི་ཡི་གེ་དང་ཡང་ན་དངུལ་བུན་གཡར་བའི་གན་རྒྱའི་ཁ་ཆད་གཞིར་བཟུང་སྔ་སྣུར་དུ་བུ་ལོན་སྤྲོད་པའི་དོན་ཚན་དང་ཚོང་ལས་དངུལ་ཁང་གི་དངུལ་བུན་གཡར་བའི་གན་རྒྱ།  ཚོང་ལས་དངུལ་ཁང་གི་ཟླ་བ་དེ་རང་གི་དངུལ་བུན་གཡར་བའི་དངུལ་གྲངས་ཀྱི་རྩིས་ཁྲ་དང་།  ཁང་པ་ཉོས་པའི་གན་རྒྱ་དང་སྔོན་སྤྲོད་དངུལ་གྱི་འཛིན་ཡིག་བཅས་མཁོ་འདོན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།

གཞན་ཡང་།  རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཉེ་དུས་ལས་དོན་བཀོད་སྒྲིག་བྱེད་བཞིན་ཡོད་པས།  སྤྱི་ཟླ་དང་པོའི་ཚེས10ཡི་རྗེས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་རྒྱུ་དང་དངུལ་ལེན་པའི་ལས་སྒོ་གཉེར་ཆོག་པའི་དྲན་སྐུལ་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།