བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཐུབ་པའི་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་མང་པོས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་བྱེད་ཐབས་བཏོན་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་པ་དང་། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་ཏེ། ལོ་མཇུག་གོང་ལྗོངས་ཡོངས་ཀྱི་ལས་གྲྭའི་རྣམ་གྲངས་ཚང་མ་དང་ལས་མི་སྤྱོད་པའི་ཁྱབ་ཁོངས་གཞན་དག་གི་ཞིང་པ་ལས་མིའི་གླ་ཆ་ཆ་ཚང་གཙང་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད། 2018ལོའི་ཟླ12ཚེས21ཉིན་བར། ལྗོངས་ཡོངས་ཀྱིས་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཁག72ཐག་གཅོད་བྱས་ནས་ཞིང་པ་ལས་མི་ཁྲི1.5ལྷག་ཙམ་ལ་གླ་ཆ་སྒོར་དུང་ཕྱུར3ལྷག་ཙམ་བདའ་འདེད་གཏོང་རོགས་བྱས་ཡོད།

ཞིབ་ཕྲའི་བྱེད་ཐབས་ནི་ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར(ས་ཁུལ)དུ་གྲོང་ཁྱེར་རིམ་པའི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་བཀོད་སྒྲིག་བྱས་པ་དང་ཆབས་ཅིག ཁེ་ལས4000ལྷག་ཙམ་ནས་གླ་ཆའི་འགན་ལེན་སྒོར་དུང་ཕྱུར15.55བསྡུས་པ་དང་། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ནོར་སྲིད་ཐིང་སོགས་སྡེ་ཚན་གྱིས་ལས་གྲྭའི་ཁྱབ་ཁོངས་ཀྱི་ངལ་རྩོལ་མི་སྤྱོད་དངོས་མིང་འགོད་པའི་ལམ་ལུགས་ལ་མཉམ་འབྲེལ་སྐུལ་འདེད་བཏང་ནས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་གྱི་ཆེད་འཇོག་རྩིས་ཁུངས་བཟོས་པ་དང་། དངུལ་ཁང་གིས་གླ་ཆ་ཚབ་སྤྲོད་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལྗང་མདོག་བགྲོད་ལམ་བཏོད་པ། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། སྤྱི་ཁྱབ་བཟོ་ཚོགས། རང་བྱུང་ཐོན་ཁུངས་ཐིང་སོགས་ཚན་པས《ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱིས་གླ་ཆ་འགྱངས་ཆད་བྱེད་རིགས་ཕྱོགས་ཡོངས་ནས་གཙང་སེལ་བྱས་པ། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བཅའ་ཁྲིམས་རོགས་སྐྱོར་ལྗང་མདོག་བགྲོད་ལམ་བཏོད་དེ་ཞིང་པ་ལས་མིར་གནད་སྨིན་གྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་འདེགས་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།