སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་དུས་རབས་ཀྱི་རྗེས་སུ་འབྲངས་པ།

—— སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་རོང་དཀར་གྲོང་ཚོའི་སྲོལ་རྒྱུན་ལག་ཤེས་པ་བསྟན་པ་ཡར་རྒྱས་ཀྱི་སྐོར་བཀོད་པ།

W020190203370294203662.jpg

འདི་ནི་གསར་འགོད་པས་བསྟན་པ་ཡར་རྒྱས་ཁྱོ་ཤུག་ལ་བཅར་འདྲི་བྱེད་པའི་གནས་ཚུལ་ཡིན་པ།

སྤྱི་ཚོགས་དཔལ་འབྱོར་བྱ་འཕུར་བ་བཞིན་གོང་འཕེལ་འགྲོ་བའི་དེང་གི་དུས་འདིར། སྐྱེ་བོ་མང་པོས་ཞིང་ལས་ཀྱི་ཡོང་འབབ་ཁོ་ནར་ཡིད་ཚིམ་ནས་མ་བསྡད་པར། རང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་སྦྱངས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་བཞིན་མཆིས། སྟག་ལུང་གྲོང་རྡལ་རོང་དཀར་གྲོང་ཚོའི་གྲོང་མི་བསྟན་པ་ཡར་རྒྱས་ནི་དེ་ཚོའི་གྲས་ཤིག་ཡིན་ཏེ། མ་གཞི་ཆུང་དུས་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པོ་ཡིན་པ་དང་། སྡོད་ཁྱིམ་ཡང་ནག་ཅིང་གུ་དོག་ཅན་ཡིན་པས་སྐྱེ་བོ་མང་པོས་སྙིང་རྗེ་སྐྱེ་དགོས་པའི་གནས་སུ་གྱུར་ཡོད་མོད། ཁོང་གིས་འཚོ་བའི་མདུན་དུ་དཔའ་ཞུམ་ནས་མ་བསྡད་པར་ཤིང་བཟོའི་ལག་ཤེས་སྦྱངས་ཏེ་ཡོང་འབབ་ཧུར་ཐག་བསགས་པ་དང་། དཀའ་ངལ་ཅི་ཞིག་ཕྲད་རུང་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། ད་ཆ་མི་སྨོན་རང་སྐྱིད་ཀྱི་འཚོ་བ་གསར་པའི་དཔལ་ལ་རོལ་རྒྱུའི་གོ་སྐབས་ཐོབ་པ་རེད།

ཁྱིམ་གཞིས་བཟུང་སྟེ་ལག་ཤེས་སྦྱོང་འགོ་ཚུགས་པ།

བསྟན་པ་ཡར་རྒྱས་ནི་སྟག་ལུང་གྲོང་རྡལ་ཆུ་ལུང་གྲོང་ཚོ་ནས་ཡིན་ཞིང་། སྤྱི་ལོ་1987ལོར་ཕ་ཡུལ་ནས་རོང་དཀར་གྲོང་ཚོར་རྒན་སྟོབས་རྒྱལ་ཞུ་བ་ཞིག་ཡོད་པ་དེའི་སར་ཤིང་བཟོ་སྦྱོང་བར་ཡོང་བ་དང་། རྒན་ལགས་ཁོང་གི་གམ་དུ་ཤིང་བཟོའི་ལག་རྩལ་ལོ་གསུམ་ཙམ་སྦྱངས་པ་བྱས་སྟབས། སྒོ་དང་སྒེའུ་ཁུང་བཟོ་བར་དཀའ་ལས་ཅི་ཡང་མ་བྱུང་། སྤྱི་ལོ་1990ལོ་སྟེ། ཤིང་བཟོ་སྦྱོང་བའི་ལོ་གསུམ་པར་ཡུལ་དེ་གའི་གྲོང་མི་དབྱངས་ཅན་སྒྲོལ་དཀར་ངོ་ཤེས་ཤིང་། ཁོ་མོས་བསྟན་པ་ཡར་རྒྱས་ལ་རྣམ་ཀུན་ནས་རོགས་པ་བྱེད་ཀྱི་ཡོད་པ་དང་བསྟན་པ་ཡར་རྒྱས་ཀྱིས་ཀྱང་ཁོ་མོར་རྒྱུན་དུ་ལྟ་རྟོག་མང་པོ་བྱས་སྟབས། ཁོང་གཉིས་དབར་གཅིག་སེམས་གཅིག་ལ་ཆགས་ནས་1991ལོར་ཕྱོགས་གཉིས་པོའི་ཕ་མས་ཧ་མ་གོ་བར་གཉེན་སྒྲིག་བྱས་པ་མ་ཟད།  སྤྱི་ལོ་1992ལོར་ཁོང་གཉིས་པོའི་བརྩེ་དུང་གི་དན་རྟགས་སུ་བུ་རྒན་པ་ངག་དབང་ལྷུན་གྲུབ་སྐྱེས།

ཁོང་གཉིས་པོ་གཉེན་བསྒྲིགས་རྗེས་བསྟན་པ་ཡར་རྒྱས་མག་པའི་ཚུལ་དུ་རོང་དཀར་གྲོང་ཚོར་ཡོད་པའི་རང་གི་ཆུང་མ་དབྱངས་ཅན་སྒྲོལ་དཀར་གྱི་ཁྱིམ་དུ་གཏན་སྡོད་བྱས། མག་པར་སླེབས་ཙམ་ལ། དབྱངས་ཅན་སྒྲོལ་དཀར་གྱི་ཁྱིམ་ལ་དཀའ་ངལ་ཆེན་པོ་ཞིག་ཕྲད་པ་སྟེ། བཟའ་ཟླའི་ཨ་མ་ལུས་པོ་གཅོང་བའི་ཁར་པ་ཕས་ཁོང་མ་སྨད་བསྐྱུར་ཏེ་ལོགས་སུ་ཁྱིམ་ཚང་བཟུང་བ་རེད། བསྟན་པ་ཡར་རྒྱས་ཀྱིས“ང་མག་པར་སླེབས་དུས་ཁྱིམ་ལ་ཁྱོན་ས་ཞིང་མུའུ་14ལྷག་ཙམ་ཡོད་པ་དང་། ལོར་འབྲུ་རིགས་མི་ཉུང་བ་ཞིག་ཡོང་གི་འདུག་ལ། ང་ཚོས་འབྲུ་རིགས་མང་ཆེ་བ་ཁྱིམ་དུ་ཉར་བ་དང་། དངུལ་དཀོན་པ་དང་ཁྱིམ་གྱི་མཁོ་ཆས་འགའ་རེ་དང་ཕྲུ་གུར་གྱོན་ཆས་གསར་པ་ཉོ་ཆེད། འབྲུ་དོ་པོ་འགའ་ཤས་ས་ཆ་གཞན་དུ་འཚོང་བར་འགྲོ་ཡི་ཡོད། དེ་དུས་འབྲུ་དོ་པོར་རྒྱ་མ་140ཡོད་ཅིང་། དོ་པོར་སྒོར་170ལྷག་ཙམ་ཡོང་གི་འདུག”ཅེས་བརྗོད། མ་གཞི་ལོ་ལྟར་འབྲུ་རིགས་བཙོངས་ནས་ཡོང་འབབ་ཕྲན་བུ་ཡོང་གི་ཡོད་ཀྱང་། ཁོང་གིས་དུས་ཚོད་ཡོད་རིམ་བཞིན་ཤིང་བཟོ་སྦྱོང་བ་དང་། གྲོང་ཚོའི་ཁྱིམ་ཚང་སུ་ཨར་པོ་བརྒྱབ་ཀྱང་དེར་ལས་ཀར་སོང་ནས་སྒོ་དང་སྒེའུ་ཁུང་བཟོས་ཏེ་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱེད་ཀྱི་ཡོད། ཁོང་གིས་དཀའ་ལས་ཆེན་པོ་བརྒྱབ་སྟེ་ཡོང་འབབ་གསོག་དོན་ཡང་ཁང་པ་གསར་པ་ཞིག་རྒྱག་ཆེད་ཡིན་ཏེ། ཁོང་ནང་མི་ཚོས་གུ་དོག་པའི་ཁང་པ་རྙིང་པ་དེར་ལོ་ལྔ་ཙམ་འཚོ་བ་བསྐྱལ་ནས་བསྡད་པས། ད་དུང་ཡང་ཁང་པ་གསར་པ་ཞིག་རྒྱག་མ་ཐུབ་ན་ཡུལ་མི་གཞན་གྱི་མདུན་དུ་ཁ་སྐྱེངས་པར་གྱུར་ངེས་ལ། ཕྲུ་གུ་བར་མ་སངས་རྒྱས་ཆོས་གྲགས་དང་ཕྲུ་གུ་ཆུང་བ་ཀུན་བཟང་ལྷ་མོའང་འཇིག་རྟེན་འདིར་མགྲོན་དུ་ཕེབས་པས། ཁྱིམ་མི་ཚང་མ་ཁང་མིག་གཅིག་གི་ནང་དུ་འཚང་ཀ་ཤིག་ཤིག་ངང་འཚོ་བ་བསྐྱལ་ནས་བསྡད་ན་ག་ལ་འགྲིག ཁོང་གིས་དེ་འཕྲལ་བཟའ་ཟླ་དང་གྲོས་བསྡུར་བྱས་ནས་སྤྱི་ལོ་2000ལོར་གྲོང་ཚོ་ནས་རྒྱ་ཁྱོན་ལ་སྨི་ངོས་གྲུ་180ཡི་གཡུལ་ཁ་གཅིག་ཡོད་པ་དེར་ས་རིན་སྒོར་3000བྱས་ཏེ་ཉོས། དེ་ནས་ལོ་དེ་རང་ལ་ཁང་མིག་བཞི་ཅན་གྱི་རྐྱང་ཐོག་གཅིག་བརྒྱབ་ཅིང་དེར་སྤོས་པ་དང་། རང་གི་ཤིང་བཟོའི་ལག་ཤེས་བེད་སྤྱད་དེ་འཛིན་ཆས་མི་ཉུང་བ་ཞིག་ཀྱང་བཟོས་པ་རེད།

སྲིད་ཇུས་བཟང་པོ་དང་ལམ་སྟོན་བཤེས་གཉེན་དང་ཕྲད་པ།

ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག སྟག་ལུང་གྲོང་རྡལ་ཡོངས་ཀྱི་དཔལ་འབྱོར་དང་། རིག་གནས། འགྲིམ་འགྲུལ་སོགས་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་ནི་སྨོས་ཅི་དགོས། དེ་བས་ཀྱང་མང་ཚོགས་ཚོའི་འཚོ་བ་སྔར་ལས་ཡག་ཏུ་ཕྱིན་ཡོད་དེ། 2007ལོར་གནས་དེ་གའི་མང་ཚོགས་རྣམས་ལ་བདེ་སྡོད་ལས་གྲྭའི་ཁང་པ་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་ཞིང་། བསྟན་པ་ཡར་རྒྱས་ཀྱི་ཁྱིམ་ལའང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་སྟེ། ལོ་དེར་ཁོ་ཚོའི་ཁང་པ་རྙིང་པ་དེ་བཤིགས་ནས་ད་ལྟའི་སྟེང་འོག་བསྡོམས་པས་ཁང་མིག་12ཅན་གྱི་ཁང་པ་གསར་པ་དེ་བརྒྱབ་པ་རེད། གསར་འགོད་པས་ཁོང་ལ་སྡོད་ཁང་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་བཀའ་འདྲི་ཞུས་པར། བསྟན་པ་ཡར་རྒྱས་ཀྱིས་ཕྱིར་དྲན་བྱེད་བཞིན“དེ་དུས་ཁང་པ་གསར་པ་རྒྱག་པའི་སྐབས། རྒྱལ་ཁབ་ནས་ང་ཚོར་དངུལ་བུན་སྒོར་ཁྲི་གཅིག་དང་ཨར་འདམ་དོ་པོ་7སྤྲད་གནང་བྱུང་། དེའི་ཁར་ང་གཉིས་ཀྱིས་དངུལ་ཁང་ནས་སྒོར་ཁྲི་3གཡར་བ་དང་། རང་ཉིད་ཀྱིས་བསགས་པའི་སྒོར་ཁྲི་2ལྷག་ཙམ་བཅས་ཁྱོན་ཁང་པ་འདི་བརྒྱབ་པར་སྒོར་ཁྲི་6ལྷག་ཙམ་སོང་། ཁང་པ་འདི་འདྲ་ཞིག་བྱུང་བར་དུས་ད་ལྟའང་སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག”ཅེས་འཛུམ་དམུལ་དམུལ་གྱིས་བརྗོད།

ཁང་པ་གསར་པ་བརྒྱབ་ནས་ལོ་གཅིག་ཙམ་སོང་རྗེས་ཁོང་ལ་ཡང་དགའ་འོས་པའི་གནས་ཚུལ་ཞིག་བྱུང་བ་སྟེ། 2008ལོར་ཁོང་ལ་ལྷ་ས་གངས་རྒྱན་ཁྱིམ་ཆས་བཟོ་གྲྭའི་ནང་དུ་ཕྱག་ལས་གནང་བཞིན་པའི་རྒན་ཉི་མ་ཚེ་རིང་ལགས་ཕྲད་པ་མ་ཟད། བསྟན་པ་ཡར་རྒྱས་ཁོང་གི་གམ་དུ་ཤིང་བཟོ་སྦྱོང་བའི་གོ་སྐབས་ཀྱང་ཐོབ་པ་རེད། བསྟན་པ་ཡར་རྒྱས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་དེའི་ཐད་ཀྱི་ཤེས་བྱ་མཐའ་དག་ཁོང་དུ་ཆུད་པ་དང་། དགེ་རྒན་ཁོང་གི་བཀའ་སློབ་གནང་བ་རྣམས་མ་བརྗེད་བློ་ལ་བརྟན་པོར་ངེས་ནས་ཁོམ་པ་བྱུང་རིམ་བཞིན་ཅོག་ཙེ་དང་ཉལ་ཁྲི་སོགས་བཟོ་ལྟ་དཔེ་གསར་ཅན་གྱི་འཛིན་ཆས་སྣ་ཚོགས་བཟོ་སྟངས་སྦྱངས་པ་མ་ཟད། མ་ཤེས་པ་རྣམས་སེམས་ཆུང་གིས་རྒན་ལགས་གམ་དུ་འདྲི་བར་འགྲོ་ཡི་ཡོད་པས། དུས་ཡུན་རིང་པོ་མ་འགོར་བར་བསྟན་པ་ཡར་རྒྱས་ཀྱིས་དགེ་རྒན་དམ་པའི་ཁྲིད་སྟོན་མེད་ཀྱང་རང་རྐྱ་འཕེར་བའི་ངང་རྒྱུན་ལྡན་གྱི་ཅོག་ཙེ་དང་། ཆ་སྒམ། ཉལ་ཁྲི། མཆོད་གཤོམ་སོགས་འཛིན་ཆས་མང་པོ་ཞིག་བཟོ་ཤེས་པར་གྱུར། བསྟན་པ་ཡར་རྒྱས་ཀྱི་ཡར་རྒྱས་ལ་དགེ་རྒན་ཁོང་ཡང་ཧང་སངས་ཤིང་། དགེ་རྒན་ཉི་མ་ཚེ་རིང་གིས་ཁོང་ཕ་ཡུལ་དུ་ལོག་སྟེ་ཤིང་བཟོ་ཁང་ཆུང་ཆུང་ཞིག་འཛུགས་རྒྱུའི་གྲོས་འགོ་བཏོན་པས། ཁོང་གིས་ཀྱང་དགེ་རྒན་གྱི་བཀའ་སློབ་སེམས་ལ་བརྟན་པོར་བཅངས་ནས་རང་ཡུལ་དུ་ཕྱིར་ལོག

ཕ་ཡུལ་དུ་ལོག་རྗེས། བསྟན་པ་ཡར་རྒྱས་ཀྱིས་བཤེས་གཉེན་གྱི་བསླབ་བྱ་མཐའ་དག་སེམས་ལ་བརྟན་པོར་ངེས་ནས་ཤིང་བཟོའི་ལག་ཤེས་མ་དོར་བར། རང་ཁྱིམ་གྱི་འོག་ཁང་དུ་ཤིང་ཁང་བཟུང་སྟེ་འཛིན་ཆས་བཟོ་འགོ་ཚུགས། ཁོང་གིས་བཟོས་པའི་འཛིན་ཆས་དག་བཟོ་ལྟ་མཛེས་ཤིང་སྤུས་ཤིན་ཏུ་དག་པོ་ཡོད་པས། གྲོང་ཚོའི་མི་རྣམས་ཀྱི་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཡུལ་མི་མང་པོས་ཁོང་གི་གམ་ནས་འཛིན་ཆས་ཉོ་ཡི་ཡོད་སྟབས། ཁོང་ལ་འཛིན་ཆས་མི་བྲིན་པའི་སེམས་ཁྲལ་ཡེ་ནས་མེད་པའི་ཁར། ད་དུང་མི་གཅིག་གིས་འཛད་སྤྱོད་པས་མངགས་པའི་འཛིན་ཆས་མང་པོ་བཟོས་ཚར་གྱི་མེད་ཙང་། ཁོང་གི་མིག་མདུན་གྱི་གནས་ཚུལ་ལ་གཞིགས་ནས་བསྟན་འཛིན་འཕྲིན་ལས་ཟེར་བའི་དགེ་ཕྲུག་ཅིག་ཉར་བ་དང་། ཁོང་གཉིས་པོས་མཉམ་དུ་ཁྱོན་མ་དངུལ་སྒོར་ཁྲི་4ཙམ་བཏོན་ནས། སྤྱི་ལོ་2011ལོར་སྟག་ལུང་གྲོང་རྡལ་དུ་ཁང་གླ་གཡར་ཏེ་ཤིང་བཟོ་ཁང་གསར་པ་ཞིག་སྒོ་ཕྱེ་བ་རེད། གསར་འགོད་པས་ཁོང་ལ་ཤིང་བཟོ་ཁང་ཐོག་མར་འཛུགས་དུས་དང་ལྷ་སར་ཤིང་རྒྱུ་འཐེན་པར་འགྲོ་དུས་དཀའ་ངལ་ཆེ་ཤོས་གང་འཕྲད་མྱོང་ཞེས་དྲིས་པར། ཁོང་གིས“དང་ཐོག་མ་དངུལ་མི་འདང་བ་དང་། ཤིང་རྒྱུ་འཐེན་པར་འགྲོ་དུས་ལམ་དེ་ཙམ་བདེ་པོ་མེད་ཅིང་། སེམས་པ་ཕྲུ་གུ་དང་ཁྱིམ་ཚང་ལ་ཆགས་པ་དང་འགྲིམ་འགྲུལ་ལས་འཛོལ་སོགས་བྱུང་དོགས་ཀྱི་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ལ། འབུ་ལན་རྒྱག་ཆེད་ཀྱི་འཕྲུལ་ཆས་གཅིག་མ་གཏོགས་གཞན་པ་ཚང་མ་ལག་ཟུང་ཁོ་ནར་བརྟེན་དགོས་པས། ཉིན་གཅིག་ལ་མགྱོགས་ཤོས་ལའང་སྒོ་གཅིག་ལས་བཟོས་ཚར་གྱི་མེད་ལ། ཁྱིམ་གྱི་ལས་ཀར་ཕན་པ་དེ་ཙམ་མི་ཐོགས་པས་སེམས་ལ་གནོང་འགྱོད་ཆེན་པོ་ཡོང་གི་འདུག”ཅེས་བརྗོད། རིམ་བཞིན་ཤིང་བཟོ་ཁང་གི་ཚོང་སྔར་ལས་ཡག་ཏུ་སོང་བ་དང་བསྟན་པ་ཡར་རྒྱས་ཀྱིས་ལྷ་སར་ཡོད་པའི་གཅུང་པོ་ཀུན་དགའ་དོན་གྲུབ་དང་མཉམ་ལས་བྱས་ཏེ། ཁོང་གིས་རྒྱུན་སྤྱོད་ཁོ་ཆས་དག་བཟོས་རྗེས་ལྷ་སར་བསྐུར་བ་དང་ཀུན་དགའ་དོན་གྲུབ་ཀྱིས་ཚོང་རོགས་བྱས་སྟབས། སྔར་དང་བསྡུར་ན་ཚོང་ལམ་རྒྱུག་པོ་བྱུང་བ་མ་ཟད། ཡོང་འབབ་ཀྱང་མི་ཉུང་བ་ཞིག་རག

W020190203370294334559.jpg

འདི་ནི་བསྟན་པ་ཡར་རྒྱས་ཀྱིས་རང་གིས་གཉེར་བའི་ཤིང་ཁང་ནང་འབུར་ལེན་བརྒྱབ་བཞིན་པའི་གནས་ཚུལ་ཡིན་པ།

ལག་ཤེས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

2014ལོར་ཁོང་གིས་གྲོང་ཚོ་ཨུ་ལྷན་གྱི་ཐོག་བརྩེགས་ཁང་ཆེན་ནས་སྒོ་བསྟེན་ཁང་པ་གཅིག་གཡར་བ་དང་། དགེ་ཕྲུག་བསྟན་འཛིན་འཕྲིན་ལས་ཀྱང་རོང་དཀར་སྡེ་ཁུལ་གྲོང་ལྷན་དུ་ལས་ཀར་ཞུགས་པས། མུ་མཐུད་དེ་བསྟན་པ་ཡར་རྒྱས་དང་ཤིང་ཁང་གསར་པར་སྤོ་བའི་གོ་སྐབས་མ་བྱུང་བས། ལག་རོགས་ཉུང་བའི་དཀའ་ངལ་ཕྲད་མོད། ལོ་དེ་ནི་བསྟན་པ་ཡར་རྒྱས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་དགའ་འོས་པའི་ལོ་ཞིག་རེད། ལོ་དེར་ཁོང་གི་བུ་རྒན་པ་ངག་དབང་ལྷུན་གྲུབ་སློབ་གྲྭ་ཆེ་མོ་ནས་ཐོན་པ་དང་། གཞུང་ཞབས་པའི་ཡིག་ཚད་རྒྱུགས་འཕྲོད་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གསུམ་པའི་གླུ་གཞས་དགེ་རྒན་དུ་གྱུར་བ་རེད། བསྟན་པ་ཡར་རྒྱས་ཀྱིས“བུ་རྒན་པ་སློབ་གྲྭ་ཐོན་པ་ནས་བཟུང་། ང་ཚོའི་ཁྱིམ་གྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་། ང་གཉིས་ཀྱི་སེམས་ཁྲལ་ཀྱང་ཆུང་དུ་ཕྱིན་སོང་། དེ་བས་བུ་འབྲིང་བ་སངས་རྒྱས་ཆོས་གྲགས་ཀྱི་སློབ་ཡོན་ཚང་མ་བུ་རྒན་པས་བསྐུར་བས་མ་ཚད། ལོ་མཇུག་ཁྱིམ་དུ་ལོག་སྐབས་མཁོ་ཆས་མང་པོ་ཉོས་པ་དང་འགྲོ་སོང་གཏོང་བྱེད་ཀྱི་དངུལ་མང་པོ་བཞག་གི་འདུག”ཅེས་དགའ་སྤྲོའི་ངང་བརྗོད།

ད་ལྟ་ཁོང་ཚང་གི་འཛིན་ཆས་སྤུས་ཀ་ཡག་པ་དང་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་ལ་ཧ་ཅང་སྙིང་རྗེ་པོ་ཡོད། ཁོང་གིས་བཟོས་པའི་འཛིན་ཆས་ཀྱང་གྲོང་རྡལ་དང་རྫོང་ཙམ་མ་ཟད་ས་ཕྱོགས་གང་སར་བྲིན་ཁ་རྒྱུག་པོ་ཡོད་པས་མངགས་ཉོ་བྱེད་མཁན་ཀྱང་ཤིན་ཏུ་མང་པོ་ཡོད་པ་རེད། 2015ལོར་ཁོང་དང་གཅུང་པོ་གཉིས་ཀྱིས་ཆབ་མདོ་སྟེང་ཆེན་རྫོང་ལ་ཉལ་ཁྲི་ཆ་90ཙམ་བཙོངས་པར་ཡོང་འབབ་ཁེར་གཙང་སྒོར་ཁྲི་5ཙམ་བྱུང་བ་དང་། ལྷག་པར་དུ་ད་ལྟ་ཤིང་བཟོའི་ལག་ཆ་ཕལ་ཆེ་བ་དེང་དུས་ཀྱི་འཕྲུལ་ཆས་ལ་བརྟེན་པས་ཁྱིམ་ཆས་བཟོ་བའི་དུས་ཡུན་སྔར་དང་བསྡུར་ན་ཉུང་དུ་ཕྱིན་ཡོད་དེ། དེ་སྔོན་ཉལ་ཁྲི་ཆ་གཅིག་བཟོ་བར་དུས་ཡུན་ཉིན་མ་བཞི་ལྔ་འགོར་གྱི་ཡོད་པ་ད་ལྟ་ཉིན་གཅིག་གི་ནང་དུ་བཟོས་ཚར་གྱི་ཡོད། ད་དུང་། ཁོང་ཚོའི་ཁྱིམ་ཡང་སྔོན་ཆད་དང་འདྲ་བར་འབྲུ་རིགས་ཁོ་ན་བཙོངས་ནས་རྒྱུན་མཁོའི་ཅ་ལག་ཉོ་དགོས་མེད་པར་ཞོར་ལས་ཡོང་འབབ་མང་པོ་ཡོད་པའི་ཁར། སྒོ་ཕྱུགས་ཀྱང་འགའ་ཤས་ཡོད་པས་དུས་རྒྱུན་གྱི་འཚོ་བར་དཀའ་ངལ་གང་ཡང་མེད་པ་རེད།

2017ལོར། ཁོང་གིས་ཆ་སྒམ་དང་མཆོད་གཤོམ50ལྷག་ཙམ་དང་། ཉལ་ཁྲི་ཆ40 ཅོག་ཙེ་ཆ30ལྷག་ཙམ་བཟོས་པ་མ་ཟད། སྤུས་ཚད་ཡག་སྡུག་ལ་གཞིགས་ནས་ཉལ་ཁྲི་ཆར་སྒོར900ནས1500བར་དང་། ཅོག་ཙེ་ཆར་སྒོར2200ནས3500བར་བྱས་ཏེ་བཙོངས་པས། བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད། བསྟན་པ་ཡར་རྒྱས་ཀྱིས“དུས་ད་ཆ་ངའི་གམ་ནས་ཁྱིམ་ཆས་མངགས་ཉོ་བྱེད་མཁན་ཤིན་ཏུ་མང་པོ་ཡོད་པའི་ཁར། གཅུང་པོས་ལྷ་སར་ཚོང་རོགས་བྱེད་ཀྱི་ཡོད་སྟབས། ཚོང་ཧ་ཅང་ཡག་པོ་འདུག་པས། རང་ཉིད་ཀྱིས་བཟོས་ན་བྲིན་ཨ་ཡོང་སྙམ་པའི་སེམས་ཁྲལ་སྤུ་ཙམ་ཡང་མི་འདུག”ཅེས་ཡིད་ཆེས་ལྡན་པའི་སྒོ་ནས་བརྗོད། དེ་བས་དགའ་འོས་པ་ཞིག་ལ། ད་ལྟ་བསྟན་པ་ཡར་རྒྱས་ཀྱི་བུ་འབྲིང་བའང་སློབ་གྲྭ་ཆེ་མོ་འགྲིམ་བཞིན་ཡོད་པ་དང་བུ་མོ་ཆུང་བ་ཡང་ལྷ་སར་ཡོང་འབབ་གསོག་ཡུལ་གྱི་ལས་གནས་རག་ཡོད་པ་རེད། ཁོང་ཚང་ལ་ད་དུང་ལོ་རེར་རྒྱལ་ཁབ་ནས་མཐའ་མཚམས་ཀྱི་རོགས་དངུལ་སྒོར་ཁྲི་གཅིག་ལྷག་ཙམ་དང་དེ་བྱིངས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་སྒོར2700ལྷག་ཙམ་ཀྲིག་ཅར་དུ་ལེན་རྒྱུ་ཡོད་པ། ཁོང་རང་གི་ཤིང་བཟོ་བྱས་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་ལྔ་ཙམ་ཡོང་གི་ཡོད་སྟབས། ཁྱིམ་ཚང་གི་ཕྱོགས་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁོང་གིས“ང་རང་རྣམ་ཀུན་ཤིང་བཟོ་བྱེད་དུས་སེམས་ནང་དུ་ངས་རང་ཉིད་ལ་ཡོང་འབབ་བསགས་པའི་ཞོར་དུ་རང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་འདི་སློབ་སྦྱོང་དང་དར་འཕེལ་གཏོང་རྒྱུ་བྱུང་བའི་གོ་སྐབས་ཆེན་པོ་རག་བྱུང་སྙམ་ཏེ་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག”ཅེས་བརྗོད་ཀྱི་འདུག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།