བོད་ལྗོངས་གཞིས་རྩེས་ཅི་ལིན་དང་འབྲེལ་བ་ཟབ་མོ་བཙུགས་ནས་དགུན་དུས་བོད་དུ་ཡུལ་སྐོར་གྱི་མཉམ་ལས་འཕེལ་རྒྱས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་གཞིས་རྩེའི་ཡུལ་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་ཉེ་ཆར་ཅི་ལིན་ཁྲང་ཁྲུན་དུ་འཚོགས་ཤིང་། ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་གཞིས་རྩེས་ལས་རིགས་ཁག་གི་མི་སྣ“ཇོ་རིའི་ཕ་ཡུལ། སྤྲིན་གསེབ་ཀྱི་འཁྱགས་རོམ”གྱི་དམིགས་བསལ་ཡིད་དབང་འགུག་ཤུགས་ཉམས་ལེན་བྱེད་པར་ཡོང་རྒྱུའི་གདན་ཞུ་བྱས་པ་རེད།

འོས་སྦྱོར་ཚོགས་འདུའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་སྐོར་ལམ་ཐིག་3འོས་སྦྱོར་བྱས་པ་དེ་དག་ནི་ཇོ་རིའི་ཡུལ་སྐོར་ཏེ། གཞིས་རྩེ་ནས་ས་སྐྱ་བར་དང་། དེ་ནས་ལྷ་རྩེ་དང་། དིང་རི(ཇོ་རི) སྐྱིད་གྲོང་འགག་སྒོ་བཅས་བར་དང་། རོང་ས་དམར་པོའི་ཡུལ་སྐོར་ཏེ། གཞིས་རྩེ་ནས་པ་སྣམ་བར་དང་། དེ་ནས་རྒྱལ་རྩེ་དང་། ཁང་དམར། གྲོ་མོ་འགག་སྒོ་བཅས་བར། ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར་ཏེ། གཞིས་རྩེ་ནས་ལྷ་རྩེ་བར་དང་། དེ་ནས་དིང་རི་དང་། ས་དགའ། འབྲོང་པ(ཡར་ཀླུང་གཙང་པོའི་ཆུ་འགོ)བར་བཅས་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྐུལ་འདེད་བྱེད་སྒོ་སྤེལ་བ་དང་སྦྲགས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གཟིགས་སྐྱོང་སྲིད་ཇུས་ཡག་ཤོས་དེའང་བཏོན་ཡོད་དེ། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། གཞུང་ཁོངས་A3རིམ་པ(A3ཚུད་པ)ཡན་གྱི་མཛེས་ལྗོངས་ཁུལ་ཚང་མར་རིན་མེད་ངང་ཡུལ་སྐོར་བྱེད་ཆོག་པ་དང་གཞུང་ཁོངས་A3རིམ་པ་མན་ཆད་དང་གཞུང་ཁོངས་མ་ཡིན་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ལ་ཡུལ་སྐོར་བ་ཉུང་བའི་སྐབས་ཀྱི་རིན་གོང་གི་རྨང་གཞིའི་ཐོག་ཕྱེད་ཀ་གཅོག་རྒྱུ་དང་སྐར་མ་རིམ་པའི་ཨར་ཁང་དང་རྒྱལ་སྤྱིའི་སྤུས་རྟགས་དང་དེ་བཞིན་ཨང་ཁང་རྩེ་གྲའི་ཞག་སྡོད་རིན་གོང་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་གི་ཕྱེད་ཀ་གཅོག་རྒྱུ་རེད།
ཅི་ལིན་ཞིང་ཆེན་དང་གཞིས་རྩེའི་དབར་འབྲེལ་བ་དམ་ཟབ་དང་མཛའ་གྲོགས་ཟབ་མོ་དུས་ཡུན་རིང་པོ་རྒྱུན་འཁྱོངས་བྱས་ཡོད། ཝང་ཤང་མིང་གིས་2002ལོ་ཚུན་དུ་ཅི་ལིན་ཞིང་ཆེན་གྱི་ཁག་6གི་བོད་སྐྱོར་ལས་བྱེད་པ་བརྒྱ་གྲངས་གངས་ལྗོངས་ས་མཐོར་ཡོང་ནས་གཞིས་རྩེ་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་གཞིས་རྩེའི་མི་དམངས་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།
ཅི་ལིན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འགན་ཁུར་བས་2019ལོར་མུ་མཐུད་བོད་སྐྱོར་ལས་འགན་ལ་དམིགས་ནས་ཇུས་ཤུགས་མཉམ་འདོན་དང་རང་འགུལ་ཧུར་ཐག་གིས་ལས་དོན་སྤེལ་ཏེ་ས་གནས་གཉིས་པོའི་ཡུལ་སྐོར་ལས་རིགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཅི་ལིན་བ་དེ་བས་མང་བས་བོད་ལྗོངས་རྒྱུས་མངའ་ལོན་པ་དང་གཞིས་རྩེ་ཤེས་རྟོགས་ཐུབ་པ་བྱ་ཆེད། ཅི་ལིན་བ་སྒྲིག་འཛུགས་བྱས་ནས་དགུན་དུས་བོད་དུ་ཡུལ་སྐོར་དང་གཞིས་རྩེར་བསྐྱོད་དེ་ཐུན་མོང་ཐོག་ས་གནས་གཉིས་པོའི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།