བོད་ལྗོངས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་དངུལ་རྩ་ཁྱབ་ཚད་དང་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུ་ཁྱབ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་བོད་ལྗོངས་ཀྱིས་སྒུལ་འཕྲིན་འཕྲིན་གཏོང་ཡོ་ཆས་དང་དངུལ་རྩའི་ཞབས་ཞུ་ཟུང་འབྲེལ་བྱེད་རྒྱུ་དང་།  ནོར་སྲིད་ཀྱི་ཐད་ཀའི་ཁ་གསབ་དང་གཏོང་སྤྲོད་བརྙན་ཆས་ཟུང་འབྲེལ་བྱེད་རྒྱུ།  ཞིང་སྐྱོར་གློག་རྡུལ་ཚོང་ལས་དང་དངུལ་རྩའི་ཞབས་ཞུ་ཟུང་འབྲེལ་བྱེད་རྒྱུ་བཅས་ལ་རིམ་པས་སྐུལ་འདེད་བཏང་བས།  ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། 

ན་ནིང་ལོ་མཇུག་བར་སྲིད་འཛིན་གྲོང་ཚོར་རང་ལྗོངས་ཀྱི་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་ཁྱབ་ཚད་བརྒྱ་ཆ ༩༢.༦ ཟིན་ནས།  ལོ་འཁོར་མོའི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ནས་སྔ་ཕྱི་བསྡོམས་དངུལ་བཅོལ་ལེན་བྱེད་ཚད་དུས་མཚུངས་པ་ལས་བརྒྱ་ཆ ༢༩.༦ འཕར་ཏེ།  རྨང་གཞིའི་དངུལ་རྩ་ཁྱབ་ཚད་དང་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུ་ཁྱབ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། 

ཤེས་རྟོགས་བྱས་པར་གཞིགས་ན།  ན་ནིང་ལོ་མཇུག་བར་རང་ལྗོངས་ཀྱིས་ཞིང་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚིགས ༦༠༠༠ ཙམ་བཙུགས་པ་དེས་བརྒྱ་ཆ ༩༢.༦ གི་སྲིད་འཛིན་གྲོང་ཚོར་ཁྱབ་པ་དང་།  ལོ་འཁོར་མོར་ཞིང་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚིགས་ནས་དངུལ་བཅོལ་ལེན་གྱི་ལས་སྒོ་ཐེངས་ཁྲི་ཚོ ༤༤.༧ གཉེར་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣༠.༤ འཕར་བ།  དངུལ་བཅོལ་ལེན་བྱེད་ཚད་སྒོར་དུང་ཕྱུར ༦.༢ ཟིན་པ།  ལྗོངས་ཡོངས་ནས་ཆ་རྐྱེན་འཛོམས་པའི་གྲོང་ཚོ་ཚང་མར་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཞིང་སྐྱོར་དངུལ་ལེན་ས་ཚིགས་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ནས།  ཞིང་འབྲོག་མང་ཚོགས་ལ་སྟབས་བདེ་ཆེན་པོ་སྐྲུན་པ་མ་ཟད་མཐའ་མཚམས་ས་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་དངུལ་བཅོལ་ལེན་ཁག་པའི་གནད་དོན་ཐག་གཅོད་ཐུབ་པ་བཅས་བྱུང་ཡོད། 

གཞན་ཡང་།  དེང་སྐབས་ཞིང་ལས་དངུལ་ཁང་གི་གཞི་རིམ་ཞབས་ཞུ་ས་ཚིགས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་།  ཤང་གྲོང་རྡལ་བཅས་བར་ཁྱབ་ཡོད་པས།  ཞིང་ལས་དངུལ་ཁང་གི་གཞི་རིམ་ཞབས་ཞུའི་ས་ཚིགས་དེ་དངུལ་རྩས་ཞིང་གསུམ་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།