བོད་ལྗོངས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྡོམ་ཚན་པ་དང་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་དེ་ཁྲོམ་ར་ལྟ་སྡོམ་གྱི་ལྟེ་བའི་གནས་བབ་ཐོག་བཞག་སྟེ།  ཚོང་ཟོག་སྤུས་ཚད་ཐད་ཀྱི་ཟུར་འཐེན་ཞིབ་བཤེར་མངོན་ཆེར་འཛིན་པ་དང་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གཙོ་གནད་དུ་འཛིན་པ།  འཛད་སྤྱོད་ཐད་ཀྱི་ཞུ་གཏུགས་བདག་སྤྲོད་ཐག་གཅོད་བྱེད་པ་སོགས་བརྒྱུད་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ་རེད། 

དེང་སྐབས་རང་སྐྱོང་ལྗོངས་ཀྱི་ཞུ་གཏུགས་ཐེར་འདོན་བཀོད་འདོམས་ལྟེ་གནས་འཁོར་རྒྱུགས་ཡག་པོ་བྱུང་ཡོད།  ས་ཁུལ༼གྲོང་ཁྱེར༽བདུན་ཚང་མར་ཞུ་གཏུགས་ཐེར་འདོན་ལྟེ་གནས་བཙུགས་པས་ཁ་པར་དང་འཕྲིན་ཐུང་།  འཕྲིན་ཕྲན།  དྲ་རྒྱ་བཅས་ཐབས་ལམ་མང་པོའི་ཐོག་ནས་འཛད་སྤྱོད་ཐད་ཀྱི་ཐེར་འདོན་གནད་དོན་བདག་སྤྲོད་བྱེད་པའི་ལམ་སྲོལ་ཞིག་ཆགས་ཏེ།  འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་རེད། 

དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རྫོང་དང་ཤང་རིམ་པར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུགས་ས་ཚིགས ༡༠༣༢ སྐྲུན་པས།  འཛད་སྤྱོད་རྩོད་གཞི་དྲ་ཐོག་ནས་བདག་སྤྲོད་བྱེད་པ་དང་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས།  ལྗོངས་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དང་བླངས་པའི་དཔུང་ཁག་སྟོབས་ཆེར་ཕྱིན་ཡོད། 
འཛད་སྤྱོད་པའི་ཞུ་གཏུགས་ཐབས་ལམ་ཤར་གཏོང་ཐུབ་པ་མ་ཟད་ལྷ་ས་དང་གཞིས་རྩེ།  ཉིང་ཁྲི་བཅས་སུ་འཛད་སྤྱོད་པའི་ཞུ་གཏུགས་གསལ་བསྒྲགས་བྱེད་པའི་དཔེ་སྟོན་ལས་དོན་སྤེལ་ཏེ།  ཚོང་གཉེར་བྱེད་མཁན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་བདའ་འདེད་བཏང་བས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།  ན་ནིང་ལྗོངས་ཡོངས་སུ་འཛད་སྤྱོད་ཐད་ཀྱི་གནད་དོན་ཐེར་འདོན་ཁ་པར་ཨང་གྲངས ༡༢༣༡༥ བརྒྱུད་རྩོད་གཞིའི་དངུལ་གྲངས་སྒོར་ཁྲི་ཚོ ༡༤༠༠ ཙམ་ཟིན་པའི་འཛད་སྤྱོད་པའི་བློ་འདྲི་དང་།  རིགས་ཁག་གི་ཞུ་གཏུགས་གནད་དོན ༡༠༦༤༣ བདག་སྤྲོད་བྱས་པས་འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་ཚོ ༧༡༧ གསབ་ཐུབ་པ་བྱུང་ཡོད། 

ཤེས་རྟོགས་བྱས་པར་གཞིགས་ན།  གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྡོམ་ཚན་པ་དང་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ནས།  འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད།  དེ་སྔ་སྤྱོད་པའི་འཛད་སྤྱོད་ཐད་ཀྱི་ཐེར་འདོན་ཁ་པར་ཨང་གྲངས ༡༢༣༡༥ དང་།  ༡༢༣༦༥ དང་ ༡༢༣༣༡ སོགས་ལྗོངས་ཡོངས་སུ་འཛད་སྤྱོད་ཐད་ཀྱི་ཐེར་འདོན་ཁ་པར་ཨང་གྲངས ༡༢༣༡༥ ཐོག་གཅིག་གྱུར་ཟླ་སྒྲིལ་བཏང་ནས།  མང་ཚོགས་ལ་འཛད་སྤྱོད་ཀྱི་ཁོར་ཡུག་སྔར་བས་ལེགས་པ་གཏོད་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།