ལྷོ་ཁས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་སྤྱོད་འགོ་ཚུགས་པའི་གན་འཇོག་མཛད་སྒོ་གོང་དཀར་རྫོང་སྲིན་བུ་རི་དབུལ་སྐྱོར་གནས་སྤོས་དུད་ཚང་གི་ལས་གྲྭའི་རྣམ་གྲངས་ལག་ལེན་བསྟར་ཡུལ་དུ་གཉེར་བ་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ལྷོ་ཁ་ཡན་ལག་དངུལ་ཁང་འདི་ཉིད་ལྷོ་ཁ་གྲོང་ཁྱེར་གྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲའི་ལས་ཚབ་དངུལ་རྩའི་སྒྲིག་གཞིར་དངོས་སུ་གཏན་འཁེལ་བྱས་པ་དེས། སླད་ཕྱིན་ལྷོ་ཁ་གྲོང་ཁྱེར་གྱི་འཛུགས་སྐྲུན་ཁྱབ་ཁོངས་སུ་ལས་ཀ་བྱེད་མཁན་ཞིང་པ་ལས་མིའི་གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་བྱ་རྒྱུ་ཡིན་པ་མཚོན་པ་རེད།

གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ནོར་བུ་དགྲ་འདུལ་གྱིས་ཞིང་པ་ལས་མིའི་ཁེ་ཕན་སྔར་བས་སྲུང་སྐྱོང་དང་འགན་ལེན་བྱས་ཏེ་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་གཏོད་ཆེད། སླད་ཕྱིན་ལྷོ་ཁ་གྲོང་ཁྱེར་གྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་དོ་དམ་ལམ་ལུགས་དང་། གླ་ཆའི་ཆེད་སྤྱོད་རྩིས་ཁྲར་དོ་དམ་བྱེད་པའི་ལམ་ལུགས། གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་བྱེད་པའི་ལམ་ལུགས་བཅས་ལག་ལེན་བསྟར་རྒྱུ་དང་འབྲེལ། གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་ལས་མིའི་གླ་ཆ་ཚབ་སྤྲོད་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་རྒྱུའི་བརྩོན་ལེན་བྱས་ནས་ཞིང་པ་ལས་མིའི་ཁེ་ཕན་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།