བོད་ལྗོངས་ཀྱི་ཚོགས་པ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པར་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་དགོང་མོ། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་ཧྲང་ཧའེ་རུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་སོགས་སྡེ་ཚན་གྱི་སྣེ་ཁྲིད་དེ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཧྲང་ཧའེ་རུ་ད་དུང་རིག་གནས་དང་གསར་གཏོད་ཐོན་རྫས་འགྲེམས་ཚོགས་སོགས་བྱེད་སྒོ་སྣ་ཚོགས་ནང་ཞུགས་རྒྱུ་དང་། བོད་ལྗོངས་ཀྱི་རིག་གནས་ཚན་པ་དང་རིག་གནས་གསར་གཏོད་ཁེ་ལས་ཁག་གཅིག་གདན་ཞུས་ལྟར་འཁྲབ་སྟོན་དང་འགྲེམས་སྟོན་ལ་ཞུགས་པ་རེད།

རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྒྲིག་འཛུགས་དང་འོས་སྦྱོར་ལས་དོན་ཧུར་ཐག་སྤེལ་བ་བརྒྱུད། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་རིང་། བོད་ལྗོངས་ཀྱི་ཞབས་བྲོ《ཡར་འབྲོག་འཁྲུག་གཞས》སྐབས་བཅོ་བརྒྱད་པའི“སྐར་ཚོགས་བྱ་དགའི”དཔྱད་འདེམས་ནང་ཞུགས་རྒྱུ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་གཞིའི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》སྐབས་བཅུ་དྲུག་པའི“ཝུན་ཧྭ་བྱ་དགའ”དང་སྐབས་བཅུ་གཉིས་པའི“པའེ་ཡུས་ལན་བྱ་དགའི”དཔྱད་འདེམས་ནང་ཞུགས་རྒྱུ་རེད། “རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་བརྩམས་ཆོས་འགྲེམས་སྟོན་ཡང་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་འགྲེམས་ཚོགས་ནང་ཞུགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།