ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་རིག་དངོས་སྲུང་སྐྱོབ་ཤེས་བྱ་སྡེ་ཁུལ་དུ་བསྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྡོད་དམངས་ཀྱི་རིག་དངོས་སྲུང་སྐྱོབ་འདུ་ཤེས་ལ་ཤུགས་སྣོན་དང་། རིག་དངོས་སྲུང་སྐྱོབ་ཤེས་བྱ་ཁྱབ་གདལ་དུ་གཏོང་ཆེད། ཉེ་ལམ། བྲག་ཡིབ་ཆུས་བཅའ་སྡོད་ལས་བྱེད་མི་སྣས་མང་ཚོགས་རྣམས་རྩ་འཛུགས་བྱས་ཏེ་རྒན་མིའི་བྱ་འགུལ་ལྟེ་གནས་སུ་རིག་དངོས་སྲུང་སྐྱོབ་ཤེས་བྱ་སྐོར་གྱི་ཆེད་དོན་འཆད་ཁྲིད་བྱ་འགུལ་སྤེལ།

འཆད་ཁྲིད་ཁྲོད། ལས་བྱེད་མི་སྣས་རིག་དངོས་ཀྱི་མཚན་ཉིད་དང་དབྱེ་བ་བཅས་ངོ་སྤྲོད་བྱས་ཏེ། བྲག་ཡིབ་ཆུས་ཀྱི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་རིག་གནས་རྣམ་གྲངས་དང་བྲག་ཡིབ་ཆུས་ཀྱི་རིག་དངོས་སྲུང་སྐྱོབ་ས་ཚིགས་ལ་དམིགས་ནས། རིག་དངོས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ནན་གྱིས་བསྟན་པ་དང་ཆབས་ཅིག དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཁྲིམས་སྲོལ》འགྲེལ་བཤད་བྱས།

ཐེངས་འདིའི་འཆད་ཁྲིད་སྤེལ་བ་བརྒྱུད། སྡེ་ཁུལ་སྡོད་དམངས་མང་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་བཏང་སྟེ། རིག་དངོས་སྲུང་སྐྱོབ་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་། དེ་དང་ཆབས་ཅིག་སྡེ་ཁུལ་གྱི་རིག་དངོས་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རྨང་གཞི་ཡག་པོ་བཏང་། བྱ་འགུལ་ཁྲོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཁྲིམས་སྲོལ》《ཉིང་ཁྲི་བྲག་ཡིབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་མིང་ཐོ》དང《ཉིང་ཁྲི་བྲག་ཡིབ་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཕྱོགས་བསྒྲིགས》སོགས་ཡིག་ཆ་མང་ཚོགས་ཀྱིས་ལྟ་ཀློག་བྱེད་པར་འདོན་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།