དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཞེས་པའི་དཔེ་དེབ་འགྲེམས་སྤེལ་ཚོགས་འདུ་ལྷ་སར་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་དང་།  ཀྲུང་གོ་བོད་རིག་པ་དཔར་སྐྲུན་ཁང་།  བོད་ལྗོངས་ཐན་སླིད་དཔལ་འབྱོར་རིག་གནས་གོང་འཕེལ་ཚད་ཡོད་ཀུང་སི་བཅས་ཀྱིས་སྤྱི་ཚེས21ཉིན་ལྷ་སར་དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཞེས་པའི་དཔེ་དེབ་ཕུད་འགྲེམས་བྱེད་པའི་ཚོགས་འདུ་འཚོགས་ཡོད།

W020190522391785885742.jpg

《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས།》ཞེས་པའི་རྩོམ་པ་པོ་ཚེ་དབང་བཀྲ་ཤིས་ལགས།

དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཞེས་པའི་དཔེ་དེབ་འདི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་དགེ་རྒན་ཆེ་མོ་བ། རི་མོ་མཁས་ཅན་ཚེ་དབང་བཀྲ་ཤིས་ལགས་ནས་བརྩམས་གནང་བའི་བོད་ཀྱི་དེང་དུས་མཛེས་རྩལ་ལོ་རྒྱུས་མངོན་པའི་ཆེད་རྩོམ་དང་པོ་དེ་ཡིན་པས་རིག་པའི་རྣམ་གྲངས་ཀྱི་སྟོང་ཆ་ཞིག་བསྐངས་གནང་ཡོད།  དཔེ་དེབ་འདི་བོད་ལ་ཞི་བས་བཅིངས་འགྲོལ་གཏོང་ཉེའི་མཚམས་ཀྱི་མཛེས་རྩལ་ཞེས་པ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བའི་དུས་ཀྱི་མཛེས་རྩལ་ཞེས་པ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་འགོ་ཚུགས་པ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་བར་གྱི་མཛེས་རྩལ་ཞེས་པ།  རིག་གནས་གསར་བརྗེ་ཆེ་མོའི་དུས་ཀྱི་མཛེས་རྩལ་ཞེས་པ།  བསྒྱུར་བཅོས་སྒོ་དབྱེའི་དུས་ཀྱི་མཛེས་རྩལ་ཞེས་པ།  བོད་ཀྱི་མཛེས་རྩལ་སྣ་མང་ཅན་དུ་འཕེལ་ཞེས་པ་བཅས་ཁག་དྲུག་ཏུ་དབྱེ་ཡོད།  ནང་དོན་ངོས་ནས་རིས་མོ་དང་རྐོས་དཀྲོལ།  ཨར་སྐྲུན།  བཟོ་རྩལ་སོགས་ཀྱི་སྤྱི་ཡོངས་ལ་ཁྱབ་ཅིང་བོད་ཀྱི་མཛེས་རྩལ་ཐད་ལྡན་པའི་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད་ལ་བོད་ཀྱི་རིག་གནས་ཀྱི་ནང་དོན་ཡང་མངོན་གང་ཐུབ་བྱས་ཡོད།

W020190522391785985223.jpg

《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས།》ཞེས་པའི་དཔེ་དེབ་ཀྱི་ཕྱི་ངོས།

ངོ་སྤྲོད་བྱས་པར་གཞིགས་ན།  རྒན་ཚེ་དབང་བཀྲ་ཤིས་ལགས་ནས་དཔེ་དེབ་འདི་རྩོམ་འབྲི་གནང་བའི་བརྒྱུད་རིམ་ནང་བོད་ཀྱི་ཞིང་འབྲོག་ཁུལ་དང་དགོན་སྡེ།  ལག་ཤེས་བཟོ་རྩལ་ཁང་སོགས་སུ་ཕེབས་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་བཟོ་བོ་དབུ་ཆེན་རྣམས་ཀྱི་དྲུང་ནས་བཀའ་སློབ་གང་མང་ཞུས་པ་དང་སྦྲགས།  ལྷ་ས་དང་གཞིས་རྩེ།  ཆབ་མདོ།  ལྷོ་ཁ།  དེ་བཞིན་པེ་ཅིང་དང་ཧྲང་ཧེ།  ཁྲེན་ཏུ།  མཚོ་སྔོན་སོགས་སུ་ཡོད་པའི་སྒྱུ་རྩལ་པ་དང་མཁས་དབང་།  དབུ་ཆེ་མོ་བ་སོགས་མང་པོའི་གམ་དུ་བཅར་ནས་ཁོང་རྣམ་པས་གསུངས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་བསྡུ་རུབ་དང་ཟིན་བྲིས་བཀོད་གནང་སྟེ།  དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཞེས་པ་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུར་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་གནང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།