ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་གླ་གཏོང་ཁང་བ་གཙོ་བྱས་པའི་དགུན་དུས་མེ་སྐྱོན་སྔོན་འགོག་གི་ཆེད་དོན་བཅོས་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁ་གཏད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ། མང་ཚོགས་ཀྱི་རེ་ཞུའི་ཤུགས་ཆེ་བ་དང་མེ་སྐྱོན་སྔོན་འགོག་གི་མངོན་མེད་རྐྱེན་ངན་ཡོད་པའི་གྲོང་དཀྱིལ་གྱི་གྲོང་ཚོ་དང་གླ་གཏོང་ཁང་བ། རིག་དངོས་སྲུང་སྐྱོབ་ཀྱི་གནའ་བོའི་ཁང་རྙིང་སོགས་ལ་ཁུལ་ཡོངས་སུ་གཅིག་བསྡུས་ཀྱིས་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་ལ། མེ་འགོག་ཁྲིམས་འགལ་གྱི་གནས་ཚུལ་ལ་གཟབ་ནན་གྱིས་བརྟག་བཤེར་བྱས་ནས། དགུན་དུས་ཀྱི་མེ་འགོག་ཉེན་སེལ་གྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། གྲོང་དཀྱིལ་དུ་ཡོད་པའི་སྡེ་བ་དང་གླ་གཏོང་ཁང་བ། རིག་དངོས་སྲུང་སྐྱོབ་ཀྱི་གནའ་བོའི་ཁང་རྙིང་སོགས་ཀྱི་མེ་འགོག་བདེ་འཇགས་ཏན་ཏིག་ཡོང་བ་བྱས་ནས། ཁུལ་ཡོངས་ཀྱི་མེ་འགོག་བདེ་འཇགས་ཀྱི་རྣམ་བཟང་བོ་མུ་མཐུད་དུ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་བཅོས་སྒྲིག་གི་ཁྱབ་ཁོངས་དང་དམིགས་སའི་གཙོ་གནད་ནི་གླ་གཏོང་ཁང་དང་སྡོད་ཤག ཐོན་སྐྱེད་ཁང་བ། དངོས་ཟོག་འཇོག་ས། ཉོག་འཛིང་སྒྲིག་ཆས་ཀྱི་ཚོང་གཉེར་ཁང་། མེ་འགོག་བདེ་འཇགས་ཀྱི་རེ་འདུན་དང་མི་མཐུན་པའི་ཁྲོམ་ར་སོགས་ཡིན་པ་རེད། དེ་མིན་གླ་གཏོང་ཁང་བའི་ནང་ནས་ཁྲིམས་འགལ་གྱི་ཐོན་སྐྱེད་བྱེད་པ་དང་དངོས་ཟོག་འཇོག་པ། འབར་སླ་བ་དང་འགད་སླ་བའི་དངོས་པོ་སྤྱོད་པ། གློག་སྒུལ་འཁོར་ལོ་ཁྲིམས་འགལ་གྱིས་གླ་གཏོང་ཁང་བའི་ནང་འཇོག་པ་དང་གླ་གཏོང་ཁང་བའི་ནང་ནས་གློག་གསོག་པ། ཉེན་ཡོལ་འགྲོ་ལམ་དང་ཐོག་ཁང་གི་བར་ཁྱིམ་ནང་དུ་འབར་སླ་བའི་དངོས་པོ་བཞག་ཡོད་པའམ་དངོས་ཟོག་གིས་འགྲོ་ལམ་ལ་བཀག་འགོག་ཚབས་ཆེན་བྱས་པ། ཁང་བའི་ནང་བདེ་འཇགས་ཉེན་ཡོལ་གྱི་ཆ་རྐྱེན་མེད་པ། མེ་འགོག་སྒྲིག་ཆས་དང་ཉེན་ཡོལ་རོགས་འདེགས་སྒྲིག་ཆས་དང་མེ་སྐྱོན་ཉེན་བརྡའི་སྒྲིག་ཆས་མེད་པ་སོགས་ཀྱང་ཆེད་དོན་བཅོས་སྒྲིག་གི་ཁོངས་སུ་ཚུད་པ་རེད།  

ཐེངས་འདིའི་ཆེད་དོན་བཅོས་སྒྲིག་དེ་ཐོག་མའི་སྒྲིག་བཀོད་དང་ཚགས་བཤེར་ཉེན་སེལ། ཕྱོགས་བསྡུས་ལེགས་སྒྲིག  ཞིབ་བཤེར་རྩིས་ལེན་སོགས་རིམ་པ་བཞི་བརྒྱུད་ངེས་ཡིན་པ་རེད།  ཉིན་འདི་དག་ལ་ནམ་ཟླ་གྲང་ངར་ཆེ་ལ། ཁ་དབུགས་སྐམ་གཤིས་ཆེ་བས། སྡོད་དམངས་ཀྱིས་མེ་དང་གློག  སྣུམ། དྲོད་རླུང་སོགས་བཀོལ་བའི་ཚད་ཇེ་མཐོར་སོང་ཡོད་དེ་མེ་སྐྱོན་བྱུང་བའི་ཚད་ཡང་ཇེ་མཐོར་སོང་ཡོད་པ་རེད། ལྷག་པར་དུ་ཉེ་བའི་ཟླ་འགའི་རིང་མེ་སྐྱོན་ལས་ཤི་རྨས་བྱུང་དོན་རྐྱེན་གྱིས་སླར་ཡང་གྲོང་དཀྱིལ་དུ་ཡོད་པའི་གྲོང་ཚོ་སོགས་ནི་མེ་སྐྱོན་བྱུང་ཉེན་ཡོད་པའི་གནད་དོན་གཙོ་བོར་གྱུར་ཞིང་། མེ་འགོག་བདེ་འཇགས་ཀྱི་མངོན་མེན་རྐྱེན་ངན་སེལ་རྒྱུ་དེ་དལ་འགོར་བྱེད་མི་རུང་བའི་ལས་ཀ་གཙོ་བོ་ཞིག་ཡིན་པ་གསལ་བོ་བསྟན།  

མེ་འགོག་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་ཐོབ་ཕྱིར། ཁུལ་ཡོངས་དང་འབྲེལ་ཡོད་ཀྱི་སྡེ་ཁག་སོ་སོས་མི་འགྱང་བར་ལས་བྱེད་རུ་ཁག་རྩ་འཛུགས་བྱས་ནས་ལྐོག་བཤེར་བྱེད་དུ་འགྲོ་རྒྱུ་ཡིན་པ་རེད། བཅོས་སྒྲིག་གི་གྲུབ་འབྲས་མངོན་གསལ་ཐོབ་པ་ལ་བརྡ་ཁྱབ་བཏང་ནས་བཟང་བསྟོད་བྱ་རྒྱུ་ཡིན་ལ།  བཅོས་སྒྲིག་གི་ལས་ཀ་དལ་བ་དང་ཕན་འབྲས་མངོན་གསལ་མེད་པ་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ནས་བཅོས་སྒྲིག་ལས་ཀ་དོན་འཁྱོལ་ཐུབ་པར་སྐུལ་སྤེལ་བྱ་རྒྱུ་ཡིན་པ་རེད། བཅོས་སྒྲིག་ལས་ཀར་ཤུགས་སྣོན་མི་རྒྱག་པ་དང་བྱེད་ཐབས་དོན་འཁྱོལ་མ་ཐུབ་པར་མེ་སྐྱོན་བྱུང་ཏེ་ཤི་རྨས་ཀྱི་གྱོད་དོན་བྱུང་བ་ན། བརྟག་དཔྱད་ནན་མོ་བྱས་ནས་ཁྲིམས་ལྟར་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁྲི་མི་སྣར་རྩད་གཅོད་ནན་མོ་བྱ་རྒྱུ་ཡིན་པ་རེད། 

ད་ལོའི་ཟླ10པའི་ཚེས1ཉིན་ནས་ཟླ12པའི་ཚེས11ཉིན་བར། བདེ་ཆེན་ཁུལ་མེ་གསོད་རུ་ཁག་གིས་ཕྱོགས་ཡོངས་ནས་ལས་ཁུངས2500ཚགས་བཤེར་ཉེན་སེལ་བྱས་ལ། མེ་སྐྱོན་གྱི་མངོན་མེན་རྐྱེན་ངན་ཡོད་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད5000བཅོས་སྒྲིག་བྱས། དེ་མིན་ལས་ཁུངས་གསུམ་ལ་“མཚམས་འཇོག་གསུམ་”གྱི་ཆད་པ་བཅད་པ་རེད། །     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།