ཀྲུང་གོ་བོད་ཀྱི་དྲ་བ།

དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བས་ཡུན་ནན་ཀུང་ཧྲན་རྫོང་ཏུའུ་ལུང་རིགས་ཀྱི་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།    

“ཡུལ་མི་སྤུན་ཟླ་ཚོ། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་བསྐུར་གནང་འདུག” ཟླ4ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ལྷག་ཙམ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ཡིག་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་ཏུའུ་ལུང་ཅང་ཤང་དུ་འབྱོར། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཅིན་ཁྲེང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་འཕྲིན་ཡིག་མཐོན་པོར་བཏེགས་ནས་ཏུའུ་ལུང་ཅང་ཤང་ཏང་སྲིད་ལས་བྱེད་པ་དང་ཏུའུ་ལུང་རིགས་ཀྱི་མང་ཚོགས་ཁྲོད་དུ་བསྐྱོད། དེ་དུས་མཛེས་ཤིང་ལྟ་ན་སྡུག་པའི་ཏུའུ་ལུང་ཅང་ལུང་ཤུར་དུ་དགའ་སྤྲོའི་འབོད་སྒྲས་ཁེངས།

དཔྱིད་དཔལ་རབ་ཏུ་བཞད་པ་དང་རི་ཀླུང་ཀུན་ཏུ་བཀྲ་ཤིས་རྟགས་མཚན་མངོན། གཙང་པོ་དང་ཆུ་བོས་དགའ་བའི་འབོད་སྒྲ་ལྷང་ལྷང་གྲགས། “ཡུན་ནན་ཀུང་ཧྲན་རྫོང་ཏུའུ་ལུང་ཤང་གི་ཡུལ་མི་སྤུན་ཟླ་ཚོ། ཁྱེད་རྣམས་སྐུ་ཁམས་བཟང་། ཁྱེད་ཚོའི་ཤང་ཏང་ཨུད་ཀྱིས་བསྐུར་བའི་འཕྲིན་ཡིག་ནང་། ན་ནིང་ཏུའུ་ལུང་རིགས་མི་རིགས་ཧྲིལ་པོ་དབུལ་གྲོལ་བྱུང་བ་དང་ཡུལ་མི་རྣམས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པའི་སྐོར་འཁོད་འདུག གཏམ་བཟང་འདི་ཐོས་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོར་སྙིང་དབུས་ནས་རྟེན་འབྲེལ་ཞུ་གི་ཡིན”ཞེས་ཡུས་ཅིན་ཁྲེང་དང་ཤང་ཀྲང་ཁུང་གཡུས་ཚའེ་ཡིས་རྒྱ་སྐད་དང་ཏུའུ་ལུང་རིགས་ཀྱི་སྐད་ནས་ཡུལ་མི་སྤུན་ཟླ་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་སྒྲོག་སྦྱངས་བྱས་པ་རེད། སྒྲོག་སྦྱངས་བྱེད་སྐབས་མང་ཚོགས་ཀྱིས་དགའ་འབོད་དང་དགའ་བསུ་ཡང་ཡང་ཞུས།

“ཏང་གི་ཐུགས་ཁུར་ཉི་འོད་བཞིན་ང་ཚོ་ཏུའུ་ལུང་ཅང་གི་མི་དམངས་ལ་འཕྲོས་ཡོད། ཏུའུ་ལུང་བས་ཇི་སྲིད་བར་གུང་ཁྲན་ཏང་གི་བཀའ་དྲིན་བརྗེད་མི་སྲིད” དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཏི་ཀྲེང་ཏང་གྲོང་ཚོའི་གྲོང་མི་ལི་ཝུན་ཧྲིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་ཡིག་ཕྲེང་དང་ཡིག་འབྲུ་ཚང་མར་ཏུའུ་ལུང་རིགས་ཀྱི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་འཆང་བ་ཐོས་འཕྲལ་རང་དབང་མེད་པར་དགའ་ངུ་ཤོར། ཁོ་མོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ལོ་བཞིའི་གོང་ཁུན་མིང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་འཕྲད་བྱེད་སྐབས་རང་གིས་གཞས་གདངས་གཉིས་ཀ་བརྩམས་པའི“དྲིན་ཚོར་གླུ་གཞས”སླར་ཡང་བླངས་པ་རེད།

“མི་རིགས་ཁག་གི་མང་ཚོགས་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་རྒྱུ་ནི་ངའི་སྔ་ཕྱི་བར་གསུམ་གྱི་བསམ་འདུན་ཡིན་ལ། ང་ཚོ་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་དམིགས་ཚད་ཀྱང་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་གནང་བ་དང་འགན་འཁྲི་འཁུར་སེམས་ཆེན་པོས། མི7000ཙམ་ཡོད་པའི་ཏུའུ་ལུང་རིགས་ཀྱི་མི་དམངས་ཚོས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་ཐབས་གནང་ཡོད། རྫོང་དཔོན་རྒན་གྲས་ཀའོ་ཏེ་རུང་གིས2014ལོར་ཏུའུ་ལུང་ཅང་གི་གཞུང་ལམ་གྱི་ཕུགས་ལམ་ཏལ་འབིགས་ཐུབ་ལ་ཉེ་བའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ཏུའུ་ལུང་ཅང་ཤང་གི་ཡུལ་མི་སྤུན་ཟླ་ཚོར“དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་སྤུན་ཟླའི་མི་རིགས་གཞན་དང་ལྷན་དུ་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པའི་ཕུགས་འདུན་བཟང་པོ་སྔ་ཙམ་མངོན་འགྱུར་བྱེད་དགོས”ཞེས་ལྕག་སྐུལ་གནང་ཡོད། 2015ལོར་སླར་ཡང་ནུའུ་ཅང་ཀྲོའུ་ཀུང་ཧྲན་ཏུའུ་ལུང་རིགས་དང་ནུའུ་རིགས་རང་སྐྱོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་གནང་ནས་ཚང་མར“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་བཀའ་མངགས་གནང་ཡོད་ཅེས་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་ཏུའུ་ལུང་རིགས་ཀྱི་མི་རིགས་ཧྲིལ་པོར་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ཏུའུ་ལུང་ཅང་ཤང་དུ་བདེ་སྡོད་ལྟོ་གོས་གཉིས་འཛོམས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། བྱང་ཚད་མཐོར་གཏོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི“འདུ་འགོད་ཆེན་པོ་དྲུག”ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར13.15བཏང་སྟེ། ཆེད་ལས་ལག་རྩལ་མི་སྣ་དང་འཇོན་ཐང་ཧ་ཅང་ཆེ་བའི་ལས་བྱེད་པ་འབོར་ཆེན་ཏུའུ་ལུང་ཅང་དུ་སླེབས་ཡོད། “མ་དངུལ་འབོར་ཆེན་བཏང་བ་དང་དཀའ་སྤྱད་དངོས་སྒྲུབ་ཀྱི་རོགས་སྐྱོར་དེ་དག་བྱས་པ་བརྒྱུད་ཏུའུ་ལུང་རིགས་ཀྱི་མང་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཆ་རྐྱེན་ལེགས་སུ་གཏོང་བ། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་ལོ་ངོ་སྟོང་གི་དབུལ་ཞྭ་འབུད་ཐུབ་ཡོད”ཅེས་ཡུས་ཅིན་ཁྲེང་གིས་བཤད།

གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཐད་ཀར་བར་བརྒལ་བྱུང་བ་དང་། བསྲེགས་རྨོད་གྲིས་འདེབས་ཀྱི་བཀག་སྡོམ་དབུལ་ཕོངས་ནས་ཡུན་ནན་ཤང་དང་གྲོང་རྡལ་གྱི་སྔོན་དུ4Gཡི་དྲ་བ་ཤར་གཏོང་ཐུབ་པའི་བར་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་སྟེ། ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་ལས་ཤང་ཀྲང་རྒན་གྲས་ཁེན་ཏེ་ཆིང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“དེ་སྔ་ཟས་གོས་ཚང་མ་མི་དང་རྟ་དྲེལ་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད། རྫོང་གྲོང་དུ་ཐེངས་གཅིག་སྐྱོད་པར་ཉིན་བཅུ་ལྷག་ཙམ་འགོར་སྟབས། རྟག་ཏུ་ཡུལ་མི་སྤུན་ཟླ་ཚོ་བཟའ་འབྲུ་མ་འདང་བར་བཀྲེས་ལྟོགས་ཀྱིས་མནར་གྱི་ཡོད། ད་ཆ་རླངས་འཁོར་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ་མ་ཟད། ཤང་གི་འབྲུ་རིགས་དཀྱུས་མ་གྲོང་ཁྱེར་བས་ཧབ་ཐོབ་བརྒྱབ་ནས་ཉོ་ཡི་འདུག འགྱུར་ལྡོག་དེ་དག་བྱུང་བ་ལས་ཏང་གི་མི་རིགས་སྲིད་ཇུས་མཁས་མཛངས་ལྡན་ལ་རླབས་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཧ་ཅང་གསལ་བཤད་བྱེད་ཐུབ”ཅེས་བཤད།

ཏུའུ་ལུང་ཅང་ཤང་ཏང་ཨུད་ཀྱིས་སྒྲོག་འགྲེལ་སློབ་སྦྱོང་ཚོགས་ཆུང་བཞི་སྒྲིག་འཛུགས་བྱས་ཏེ་ཏུའུ་ལུང་ཅང་གི་གྲོང་ཚོ་ཨུ་ལྷན6ཏུ་བསྐྱོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་ནང་དོན་སྐོར་སྐྱོད་སྒྲོག་སྦྱངས་བྱས་པ་རེད། ཁུང་ཏང་གྲོང་ཚོའི་ལཱ་ཧྥེ་གྲོང་མི་ཚོགས་ཆུང་གི་ཁེན་གཡུས་ཀྲེན་གྱི་ཏུའུ་ལུང་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་ཐོག་གཉིས་མའི་མདུན་དུ་སྒྲོག་འགྲེལ་མཁན་གྱི་མཐའ་འཁོར་དུ་གྲོང་མི་ཁྱིམ་མཚེས་ཀྱིས་བསྐོར་ནས་ཡོད་པ་དང་། གྲོང་མི་ཚོས“དབུལ་གྲོལ་བྱུང་བ་ནི་གོམ་སྟབས་དང་པོ་ཡིན་པ་དང་། ཕྱིས་འབྱུང་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་རེད”ཅེས་པའི་སྐད་ཆ་ཐོས་སྐབས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་ཟབ་མོ་གནང་བའི“ཕ་ཡུལ་འཛུགས་སྐྲུན་ཡག་པོ་དང་། མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་དགོས”པ་ཀའོ་ཏེ་རུང་གིས་ཡང་ནས་ཡང་དུ་བཀླགས་ཤིང་། ཁོང་གིས“ཏུའུ་ལུང་རིགས་ཀྱི་མི་དམངས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། སྣོད་བཅུད་སྲུང་སྐྱོང་ཡག་པོ་དང་། མི་རིགས་མཐུན་སྒྲིལ་ཡག་པོ། མཐའ་མཚམས་བརྟན་ལྷིང་། ཐོན་ལས་འཕེལ་རྒྱས་ཡག་པོ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡག་པོ་བཅས་ཐུབ་པར་བྱས་ཏེ་ཏུའུ་ལུང་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་བཏོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།