ཀྲུང་གོ་བོད་ཀྱི་དྲ་བ།

ལྕགས་ཟམ་རྫོང་ཁྲུའུ་ཉིས་ཤང་གི་སྲེའུ་དམར་ལ་འབྲས་བཟང་ཐོབ་འདུག

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4པའི་ཚེས་16ཉིན་གྱི་ཕྱི་དྲོར།  ལོ་འཁོར་70བརྗིད་བག་ལྡན། དུས་རབས་གསར་བར་འབད་བརྩོན་བྱེད་ཅེས་པའི་བརྗོད་དོན་ཆེན་མོའི་བཅར་འདྲི་ཚོགས་པ་དང་།     ལྕགས་ཟམ་རྫོང་གི་གསར་བརྗེ་ལས་བྱེད་པའི་འཛིན་གྲྭའི་སྐབས་ཐོག་མའི་སློབ་བུ་ཡོངས་ཀྲུང་གོའི་སྲེའུ་དམར་གྱི་ཕ་ས་སྟེ་ལྕགས་ཟམ་ཁྲུའུ་ཉིས་ཤང་དུ་ཐོན་ནས།  རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་གྱི་ཞིང་གྲོང་དར་རྒྱས་དཔེ་སྟོན་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་།   སྐྱེ་ཁམས་འཛུགས་སྐྲུན།  རིག་གནས་རྒྱུན་འཛིན་སོགས་ཀྱི་ཐད་ཀྱི་འགྱུར་ལྡོག་ལ་བཅར་འདྲི་དང་རྒྱུས་ལོན་བྱས་ཡོད།

ཉེ་ཆར་ནི་ཏག་ཏག་ཁྲུའུ་ཉིས་ཤང་གི་མུའུ་ཁྲི་ཡི་སྲེའུ་དམར་སྡོང་བོ་ལ་འབྲས་བུ་སྨིན་པའི་དུས་ལ་འཁེལ་ཡོད།   སིལ་སྡོང་གི་མགོ་ལ་འབྲས་བུའི་ཁུར་གྱིས་ལྗིད་ཅིང་དམར་ལྷང་ངེར་བརྒྱན་འདུག    རྒྱུས་ལོན་བྱུང་བ་ལྟར་ན།   ཟླ་འདིའི་ཚེས་25ཉིན་སྐབས་དགུ་བའི་ལྕགས་ཟམ་རྫོང་གི་སྲེའུ་དམར་དུས་ཆེན་ཤང་འདི་ནས་བསྡུ་འཆར་ཡོད་པ་དང་།  རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཡུལ་འདིར་ཕེབས་ནས་སྲིའུ་དམར་གྱི་མངར་ཁ་ལོངས་སུ་སྤྱོད་རྒྱུ་རེད། 

ཤང་འདིའི་ཕྱོགས་གང་སར་ཞིང་པའི་སྤྲོ་ཁྱིམ་ཁང་མཐོང་རྒྱུ་ཡོད་པ་དང་།  ར་སྐོར་ནང་དུ་སྲེའུ་དམར་གྱི་སྡོང་བ་མང་པོ་བཙུགས་འདུག    ཡུལ་སྐོར་བས་ར་སྐོར་ནང་ནས་ཇ་འཐུང་བ་དང་།  བསིལ་འདུག་བྱེད་པ་ལས་གཞན་སྲེའུ་དམར་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་ཀྱང་ལོངས་སུ་སྤྱད་ཆོག  སྦྱིན་བདག་ཏེན་ཨན་མེས་ཀྱིས་བཤད་ན་ན་ནིང་གི་ལས་གཉེར་ཡོང་སྒོ་ལ་ཁྲི་13བྱུང་ཡོད་པ་དང་།  སྔོན་གྱི་ཞོར་ལས་ཀྱི་ཡོང་སྒོ་སྒོར་ཁྲི་3དང་བསྡུར་ན་ཧེ་བག་ཆེན་པོ་བྱུང་ཡོད་འདུག་ཟེར།   ཤང་འདིར་དུད་ཁྱིམ་36གིས་ཡུལ་སྐོར་ལ་བརྟེན་ནས་སྒོར་མོ་བཙལ་བཞིན་ཡོད་པ་དང་།  ཞིང་པའི་སྤྲོ་ཁྱིམ་ཁང་འདི་དག་གིས་ལོ་རེར་ཡུལ་སྐོར་བ་ཁྲི་7ལྷག་སྣེ་ལེན་བྱེད་བཞིན་ཡོད།  ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་700ལྷག་མངོན་འགྱུར་བྱུང་ཡོད།  

ཡང་དག་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་།  ཞིང་པ་རང་ཉིད་ཀྱི་བརྩོན་འགྲུས་འོག་སྔོན་ཆད་ཀྱི་དབུལ་ཕོངས་ཤང་ནི་ད་ལྟ་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་འབྱོར་ཕྱུག་ལྡན་པའི་ཤང་ཞིག་ཏུ་གྱུར་ཡོད་ཅིང་།  དེང་སྐབས་གང་སར་འགྱུར་ལྡོག་གི་རྣམ་པ་མཐོང་ཐུབ། བགྲོད་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་པ་དང་། སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་ཉིན་རེར་འཐུས་ཚང་དུ་བྱུང་ནས་གྲོང་སྡེ་སྤྱིའི་རྣམ་པ་ཇེ་ཡག་ཇེ་བཟང་དུ་མངོན་ཡོད།   ཤང་ཡོངས་ཀྱིས་་སྲོལ་རྒྱུན་ཞིང་ལས་གཙོར་བྱས་ཏེ་སྐྱེ་ཁམས་འཕེལ་རྒྱས་དང་ནུས་མཐོའི་ལྗོངས་བལྟ་ཞིང་ལས་གོང་འཕེལ་བཏང་ནས།  རྫོང་ཡོངས་ཀྱི་མི་རེའི་ཡོང་སྒོ་རྐྱང་བ་སྒོར་ཁྲི་ལ་སླེབས་པའི་ཤང་དུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།