བསང་མཆོད་བསྡུས་པ་བཞུགས་སོ།།

7a8e56c14e59fb6f4e1bd1a7b928e4c1.jpg

༄༅། །རཾ ཡཾ ཁཾ ཨྃཨཱཧཱུྃ མཆོད་དང་པོ། བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་ནོར་ལྷ། བཀའ་སྲུང་གཏེར་བདག སྔགས་སྲུང་ཨེ་གཟའ་དམ་གསུམ། གནོད་སྦྱིན་ཙུ་གུ་དམར་པོ། སེང་ཆེན་ནོར་བུ་དགྲ་འདུལ། དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། གསོལ་ལོ་མཆོད་དོ། ཨྃཨཱཧཱུྃ། སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རི་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག ཨ་མྱེ་རྨ་ཆེན་སྤོམ་ར། རྨ་འཁོར་སྟོང་དང་དགུ་བརྒྱ། ཤར་གྱི་གཉན་པོ་གཡུ་རྩེ། གཉན་དམག་བརྒྱ་ཁྲི་བཞི་སྟོང་། གསེར་གྱི་འབྲོང་རི་སྨུག་པོ། འབྲོང་འཁོར་སུམ་བརྒྱ་དྲུག་ཅུ། ཉག་སྟོད་ཀྱི་ཁ་བ་ལོག་རི། ཉག་སྨད་ཀྱི་ཤིང་ལོ་བྲག་དཀར། མི་ཉག་བཞག་བྲ་ལྷ་རྩེ། གཡུ་ཡི་རྡོ་རྗེ་གཡུ་ཁྲོམ། གནས་ཆེན་རྒྱལ་མོ་དམུ་རྡོ་སོགས་ས་ཆ་སྟོད་སྨད་བར་གསུམ་གྱི་ལྷ་ཀླུ་གཉན་གསུམ་ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་པ་འདི་འབུལ་ལོ། མཆོད་དོ། ཨྃཨཱཧཱུྃ། ཁྱད་པར་ཏུ་ངེད་ཝ་ཤུལ་གཙང་སྡེ་ཕྱུག་མོའི་ཡུལ་གཞི་གནས་ཀྱི་བདག་པོ། མཆོད་མཆོད་བསྟོད་བསྟོད་ཀྱི་སྲུང་མ། མ་མཆོད་རང་འཁོར་གྱི་སྲུང་མ། ཕ་མྱེས་རྒྱུད་ཀྱི་སྲུང་མ། ཡུལ་ལྷ་གཞི་བདག་མངོན་ཤེས་ཅན། རྫུ་འཕྲུལ་ཅན། སྤྲུལ་གྱི་ལྷ་རྗེ་གཙུག་ཏོར། ཨ་བླའི་སེངྒེ་ཕྱུག་མོ། ལོ་བོའི་གཉན་རྗེ་གོང་སྔོན་སོགས་ས་ཁྱོན་ཡུལ་རིས་འདི་དག་ལ་གནས་པའི་ལྷ་སྲིན་སྡེ་བརྒྱད་རྣམས་ལ་གསོལ་ལོ་མཆོད་དོ། ཨྃཨཱཧཱུྃ། ངེད་ཝ་ཤུལ་གཙང་སྨད་ཚང་གི་མི་ཐོག་ལ་ན་ཚ་འོང་གི་མ་འཇུག ཕྱུགས་ཐོག་ལ་གོད་ཁ་འོང་གི་མ་འཇུག བུ་རང་ལ་ཁ་འཛིན་དང་སྡོང་གྲོགས་མཛད་དགོས། དགྲ་ནག་པོའི་ཁ་སྐོར་དང་བློ་སྐོར་མཛད་དགོས། དགྲ་ཨ་སྐྲད་ཀི་སྐྲད་སོ་ཡན་ན་མཐོ་འི་འཇུག་མི་ཉན། ཟིན་གོས་དཀར་གྱི་གོང་བ་མན་ན་དམའ་འི་འཇོག་མི་ཉན། ཕྱུག་གི་རི་མ་མཛད་དགོས། བཙན་གྱི་ཁེབ་མ་མཛད་དགོས། བསམ་བསམ་ཐམས་ཅད་ལམ་དུ་འགྲོ་དགོས། འདོད་འདོད་ཐམས་ཅད་ལག་ཏུ་ཐོབ་དགོས། ཆར་ཆུ་དུས་སུ་འཕེལ་དགོས། ལོ་ཕྱུགས་རྟག་ཏུ་ལེགས་དགོས། དགྲ་མགོ་གཅོད་ཀི་ཐོ་བ་མཛད་དགོས། རྐུན་ལག་གཅོད་ཀི་རལ་གྲི་མཛད་དགོས། མཁས་པའི་ལྕེ་འོག་ཏུ་མ་མངག རྒོད་པོའི་མཚོན་འོག་ཏུ་མ་མངག མགྱོགས་པོའི་བང་འོག་ཏུ་མ་མངགས། ཁ་ལས་དགེ་དགོས། རླུང་རྟ་དར་དགོས། ཨོ་ངོ་སོ་བསྟོད་ཀྱི་ཚང་། ངོ་འཕང་མཐོ་ཀྱི་ཚང་། ཀི ལྷ་བསོ་ལོ།

བསང་མཆོད་བསྡུས་པ་འདིའང་བསང་མཆོད་དང་ཁ་སྨོན་གྱི་རིགས་ཉམ་པ་སླར་གསོ་དང་མ་ཉམ་གོང་འཕེལ་གྱི་ཆེད་དང་། གསར་སྐྱེས་རྣམས་ཀྱི་འདོད་པ་སྐོང་བའི་ཆེད་དུ་སེངྒེ་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་གི་བླ་མ་འགྲུབ་སྐྱོང་ནས་ཟླ་ཚེས་བཟང་པོ་ལ་ཕ་སྐད་སྲུང་སྤེལ་ཚོགས་པར་ཞབས་འདེགས་ཀྱི་ཚུལ་དུ་ཕུལ་བའོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།