རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པ་ཞེས་བརྗོད་པའི་རྒྱུ་མཚན་ལ་དཔྱད་པ།

1.jpg

རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པ་ཞེས་བརྗོད་པའི་རྒྱུ་མཚན་ལ་དཔྱད་པ།

             -----ནང་བསྟན་བྱུང་འཕེལ་གྱི་ཆོས་ཉིད་ལ་གཞི་བྱས་ནས་བརྟག་པ།

དགེ་འདུན།

ནང་དོན་གནད་བསྡུས དཔྱད་རྩོམ་འདིར་རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པར་བརྗོད་པའི་རྒྱུ་མཚན་དེ།  དོན་ཚན་བདུན་གྱི་སྒོ་ནས་དབྱེ་ཞིབ་བྱས་ཡོད། དེ་ཡང་གཙོ་བོ་གནའ་བོའི་རྒྱ་གར་གྱི་ནང་བསྟན་བྱུང་འཕེལ་གྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་པ་བརྒྱུད།  བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ནང་བསྟན་གྱི་གནས་བབ་སྤྱི་དང་། བྱེ་བྲག་ཏུ་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ནང་བསྟན་ལ་དབྱེ་ཞིབ་བྱས་ཏེ། རྗེ་ཙོང་ཁ་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ནས་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཅི་ཡོད་ལ་དབྱེ་ཞིབ་དང་གཞིབ་བསྡུར་བྱས་ཡོད། 

གནད་ཚིགརྗེ་ཙོང་ཁ་པ།  སངས་རྒྱས་གཉིས་པ།  ནང་བསྟན་བྱུང་འཕེལ། ཆོས་ཉིད།

སངས་ཆོས་ལུགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་གནའ་བོའི་རྒྱ་གར་དུ་བྱུང་ཞིང་།  ད་ལྟའི་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད།  ལོ་ངོ་དེ་དག་གི་རིང་རིམ་གྱིས་ཡ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་ལ་དར་རྒྱུས་བྱུང་ཞིང་།  ད་ལྟ་ཡོ་རུབ་དང་། ནུབ་ཕྱོགས། ལྷོི་ཨ་ཧྥེ་རུ་ཀ་སོགས་ལ་རིམ་གྱིས་དར་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཉེ་རབས་རྒྱལ་ཁབ་དང་ས་གནས་ཁག་གཞན་དག་ལ་དར་བཞིན་པའི་ནང་བསྟན་ནི་གཙོ་བོ་བོད་བརྒྱུད་ནང་བསྟན་ཡིན་ནོ། །

ནང་བསྟན་ལ་མཚོན་ན་རང་གི་བསམ་བློ་དང་། རིག་གཞུང་གི་མ་ལག འཛམ་གླིང་གི་ཁྱབ་རྒྱ། དད་ལྡན་གྱི་མི་གྲངས། ལོ་རྒྱུས་ཀྱི་དུས་ཡུན་སོགས་ཕྱོགས་གང་ནས་བལྟས་ཀྱང་དམིགས་བསལ་གྱི་ཁུད་ཆོས་མངོན་པར་མཐོ་བས། འཛམ་གླིང་ལ་ཤུགས་རྐྱེན་ཆེས་ཆེ་བའི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་སུ་གྱུར་ཡོད་དོ། །  ་

ནང་བསྟན་རང་གི་ལོ་རྒྱུས་འཕེལ་བའི་བརྒྱུད་རིམ་ཁྲོད་བྱུང་པའི་ནང་བསྟན་སྤྱིའི་ངོས་ནས་བརྟག་ན།  སྟོན་པ་ཤཱཀྱ་ཐུབ་པ་ནི་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་གསུང་པ་པོ་དང་། གཞུང་ལུགས་ཀྱི་རྨང་འདོང་མཁན། གསར་བཏོད་པ་ཡིན་པའི་ཆ་ནས་ཁོང་ལ་སྟོན་པ་སངས་རྒྱསཞེས་པའི་མཚན་དེ་རང་བཞིན་གྱིས་ཆགས་པ་ཡིན་ལ། སྤྱི་ལོ་དུས་རབས་བཅུ་བཞི་པའི་ནང་རྗེ་ཙོང་ཁ་པ་བྱོན་པ་དང་། ཁོང་གི་ཐུགས་ཀྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་སོགས་ཡོན་ཏན་གྱི་ཆ་དུ་མ་ལ་བརྟེན་ནས་ཕྱིས་སུ་ཁོང་ལ་སངས་རྒྱས་གཉིས་པ་ཞེས་པའི་མཚན་སྙན་གྱི་འབོད་པ་རང་བཞིན་གྱིས་ཆགས་པར་གྱུར་པ་དེར། ཁོ་བོས་རྒྱུ་མཚན་གཙོ་བོ་བདུན་ཡོད་པར་འདོད་པས་གཤམ་དུ་རིམ་པ་བཞིན་བཤད་པར་བྱའོ། །

དང་པོ།  ལུང་བསྟན་རིག་གནས་ལ་གཞི་བྱས་སྟེ་བརྟག་པ།

      རྗེ་ཙོང་ཁ་པ་ནི་སངས་རྒྱས་ཀྱི་མདོ་དང་ཀླུ་སྒྲུབ་སོགས་ཀྱི་བསྟན་བཅོས།  བོད་དུ་སློབ་དཔོན་པདྨ་འབྱུང་གནས་དང་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་སུ་ལུང་བསྟན་རྒྱ་ཆེན་པོ་ཞིག་གནང་ཡོད་པ་དེ་དག  ད་ལྟ་དཔྱད་གཞིའི་ཡིག་ཆ་མང་པོ་ལས་དངོས་སུ་མཐོང་ཐུབ་མོད། ཡིན་ནའང་འདིར་དཔེ་མཚོན་རང་བཞིན་གྱི་ལུང་འགའ་དྲངས་ཏེ་བརྟག་པ་ལ།

«འཇམ་དཔལ་རྩ་རྒྱུད་»ལས།  འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཆོ་བོ་གསེར་དང་ལྡན་འགྲམ་དུ། །ང་ནི་མྱ་ངན་འདའ་བར་འགྱུར། ། ཞེས་པའི་ལུང་འདི་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་གསུངས་པའི་ལུང་ཞིག་སྟེ།  དོན་འགྲེལ་དུས་ལུང་འདིས་རྗེ་ཙོང་ཁ་པ་ལུང་དུ་བསྟན་པ་ཞིག་སྟེ། རྒྱུ་མཚན་ནི་དགོན་ཆེན་རབ་དགའ་བ་ཞེས་པ་རྗེ་ཙོང་ཁ་པ་རང་ཉིད་ཀྱིས་ཕྱག་འདེབས་གནང་བའི་དགའ་ལྡན་དགོན་པ་ཡིན་པ་དང་།  ཁ་བ་ཅན་ན་ཡོད་ཅེས་པ་བོད་ཡུལ་ན་ཡོད་པར་ལུང་བསྟན་པའི་དོན་དུ་འགྲེལ་ཡོད།  སངས་རྒྱས་ཀྱི་མཛད་པ་བྱེད་པར་ལུང་བསྟན་པ་སྟེ། དོན་གྱིས་སངས་རྒྱས་གཉིས་པ་འབྱུང་བར་ལུང་བསྟན་པའི་ལུང་བསྟན་གྱི་ཐོག་མ་ནི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་འདི་ཡིན་པར་བཤད་ཆོག་གོ །

དགུང་ལོ་གསུམ་པར་རོལ་པའི་རྡོ་རྗེས་དགེ་བསྙེན་མཛད། སངས་རྒྱས་གཉིས་པ་འོང་བར་ལུང་བསྟན་ཚུལ་རོལ་པའི་རྡོ་རྗེའི་ལམ་ཡིག་ལས་བཤད།ཞེས་པའི་ལུང་འདི་ནི་ཅུང་ཡོངས་སུ་གྲགས་པ་ཞིག་ཡིན་ལ།  རྗེ་ཙོང་ཁ་པ་དགུང་གྲངས་གསུམ་གྱི་སྟེང་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱིས་བདག་པོ་བརྒྱབ་ནས། ད་ལྟའི་ཟི་ལང་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུ་ཙམ་ན་ཡོད་པའི་ཤྭ་རྫོང་རི་ཁྲོད་དུ། རྒྱལ་བ་ཀརྨ་པ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ་དང་མཇལ་ཞིང་ཁོང་གི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། སྐབས་དེར་ཀརྨ་པས་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་བྱིས་པ་འདི་མ་འོངས་པར་སངས་རྒྱས་གཉིས་པ་འོང་པར་ལུང་བསྟན་པར་འཁོད་ཡོད། དེས་ན་རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པ་ཞེས་པའི་མཚན་ཐོག་མ་གནང་མཁན་ནི་ཀརྨ་རོལ་པའི་རྡོ་རྗེ་ཡིན་ནོ། །

ཡང་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག་བླ་མ་དེས། ཁྱོད་ཀྱིས་བསྟན་འགྲོ་ལ་ཕན་པའི་ཡུལ་ནི་མདོ་སྨད་ཀྱི་ཡུལ་ཡིན། ཁྱོད་དེར་སོང་ལ་བྱ་ཁྱུང་ཤར་པང་ཞེས་པའི་གནས་གཉིས་སུ་གཙུག་ལག་ཁང་བཞེངས་ནས་བསྟན་པ་ལ་གང་ཕན་གྱིས། རང་ཉིད་བྱ་ཁྱུང་དུ་བསྡད་ནས་སྒོམ་སྒྲུབ་གཙོ་བོར་བྱོས། དེའི་ཚེ་ཁྱོད་ལ་མཁས་གྲུབ་ཀྱི་སློབ་མ་མང་དུ་འོང་། དེ་དག་གི་ནང་ནས་འགྲན་པའི་ཟླ་དང་བྲལ་བའི་སློབ་མ་ཕུལ་དུ་བྱུང་བ་ཅིག་འབྱུང་ཏེ། དེ་རབ་ཏུ་དབྱུང་བའི་ཚེ་བློ་བཟང་གྲགས་པ་ཞེས་པའི་མིང་འདི་ཐོགས། ཞེས་གསུངས་པ་ནི་རྗེ་ཙོང་ཁ་པའི་གཞོན་དུས་ཀྱི་དགེ་རྒན་ཆོས་རྗེ་དོན་གྲུབ་རིན་ཆེན་སྣར་ཐང་དུ་སློབ་གཉེར་གནང་སྐབས་ཁོང་གི་དགེ་རྒན་གཙོ་གྲས་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ཞིག་སྟེ། མ་གཞི་སྐབས་དེར་མདོ་སྨད་དུ་འཆད་ཉན་གྱི་སྲོལ་དེ་འདྲ་དར་མེད་པས་ཆོས་རྗེ་ཉིད་སྣར་ཐང་དུ་བཞུགས་རྒྱུའི་ཐུགས་འདུན་ཡོད་པ་ལ།  ཁོང་གི་དགེ་རྒན་མཆིམས་བློ་བཟང་གྲགས་པས་ཁྱོད་ཀྱིས་བསྟན་འགྲོ་ལ་ཕན་པའི་ཡུལ་ནི་མདོ་སྨད་ཡིན་པ་དང་།   དེ་ནས་ཁྱོད་ལ་སློབ་མ་མང་དུ་འོང་པ་དང་། དེའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་སྟེ་དེ་རབ་ཏུ་འབྱུང་པའི་མཚན་ལ་བློ་བཟང་གྲགས་པ་ཐོགས་ཞེས་བསྐུལ་བ་དང་། རྗེ་ཙོང་ཁ་པའི་མཚན་དེ་སྔ་མོ་ཞིག་ནས་མཆིམས་བློ་བཟང་གྲགས་པས་གནང་བར་བཤད་འདུག་གོ །

ཡང་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་ངག་གི་སྐོར་དད་པ་ཆེན་པོས་ཞུ་བའི་སྐབས་སུ། བླ་མའི་བཀའ་ལས། ཁྱོད་འཇམ་དཔལ་གཤིན་རྗེའི་གཤེད་དང་འཕྲད་པར་འདོད་ན་མདོ་སྨད་དུ་སོང་། དེར་མཇལ་བར་འགྱུར་རོ། ཞེས་གསུངས་པ་འདི་ཡང་མཆིམས་བློ་བཟང་གྲགས་པས་གསུང་ཞིག་སྟེ། གསང་སྔགས་ཀྱི་གཞུང་ལྟར་ན་རྡོ་རྗེ་འཇིགས་བྱེད་ནི་འཇམ་དབྱངས་དྲག་ཏུ་ཁྲོས་པའི་ཡི་དམ་ཞིག་ལ་ངོས་འཛིན་པས། རྡོ་རྗེ་འཇིགས་བྱེད་ཀྱི་ངོ་བོ་ནི་འཇམ་པའི་དབྱངས་ཡིན་པར་གསུངས་ཡོད། དེ་བས་སྐབས་དེར་རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་སྐོར་གནང་སྐབས། ཆོས་རྗེ་དོན་གྲུབ་རིན་ཆེན་ལ་ཁྱོད་འཇམ་དཔལ་གཤིན་རྗེ་གཤེད་དང་འཕྲད་འདོད་ན་མདོ་སྨད་དུ་སོང་། དེར་མཇལ་ཡོང་ཞེས་པའི་ལུང་བསྟན་གནང་བར་གསུངས་སོ། །

དྲངས་མ་ཐག་པའི་ལུང་བསྟན་དེ་དག་ལས། སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་དང་། སངས་རྒྱས་གཉིས་པ།འཇམ་དཔལ་གཤིན་རྗེ་གཤེད་དངོས།བློ་བཟང་གྲགས་པ་སོགས་མིང་བརྡ་གལ་ཆེན་འདི་དག་ཚིག་ངོས་སུ་དངོས་སུ་ཐོན་ཡོད་པ་དང་། དེ་དག་ནི་རིམ་པ་བཞིན་སངས་རྒྱས་ཤཱཀྱ་ཐུབ་པ་དང་། ཀརྨ་རོལ་པའི་རྡོ་རྗེ། མཆིམས་བློ་བཟང་གྲགས་པ་སོགས་ཚད་ལྡན་གྱི་དམ་པའི་གསུང་ལས་དངོས་སུ་བསྟན་འདུག་པ་ད་ལྟ་ཡིག་ཆ་དག་ལས་དངོས་སུ་མཐོང་རྒྱུ་ཡོད་པ་འདི་ནི། རྗེ་ཙོང་ཁ་པར་སྟོན་པ་གཉིས་པར་གྲགས་པའི་ལུང་གི་རྒྱབ་ལྗོངས་གཙོ་བོར་གྱུར་འདུག་གོ །

གཉིས་པ། རྒྱ་གར་གྱི་ནང་བསྟན་བྱུང་འཕེལ་གྱི་ཆོས་ཉིད་ཀྱི་ངོས་ནས་བརྟག་པ།

སྟོན་པ་ཞལ་བཞུགས་པའི་སྐབས་དེར་གཙོ་བོ་སྐབས་དེའི་སྤྱི་ཚོགས་དང་ཁྱད་པར་དུ་གདུལ་བྱའི་ཁམས་དང་བསམ།  བག་ལ་ཉལ་དང་མཐུན་པར་ཆོས་གསུངས་པས།  ནང་བསྟན་གཞུང་ལུགས་ཀྱི་མ་ལག་དེ་ཅུང་ཐར་ཐོར་གྱི་ཚུལ་དུ་ཡོད་ལ། སྟོན་པ་མྱ་ངན་ལས་འདས་པའི་ལོ་དེའི་དབྱར་ཁར་བཀའ་བསྡུ་དང་པོ་མཛད་དེ་གཙོ་བོ་ཉན་ཐོས་སྡེ་བའི་གཞུང་གི་རྨང་གཞི་འདུལ་བའི་ཆ་བསྡུས་པ་དང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུའི་རྗེས་སུ་གཙོ་བོ་འདུལ་བའི་ཆ་ནས་མི་མཐུན་པ་བྱུང་སྟེ་ཉན་ཐོས་རྩ་བའི་སྡེ་གཉིས་སྟེ་གནས་བརྟན་པའི་སྡེ་དང་ཕལ་ཆེན་གྱི་སྡེ་གཉིས་སུ་གྱེས། དེའི་རྨང་གཞི་ལ་བརྟེན་ནས་སྤྱི་ལོའི་དུས་རབས་དང་པོའི་ནང་ཐེག་པ་ཆེ་ཆུང་གི་ཁྱད་པར་བྱུང་ཞིང་། སྤྱི་ལོའི་དུས་རབས་དང་པོ་ནས་གཉིས་པའི་བར་ལ་ཐེག་པ་ཆེན་པོའི་ཆོས་དེ་འཕེལ་རྒྱས་སུ་འགྲོ་བའི་མགོ་བརྩམས། ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཀྱི་གོ་དོན་དང་ཉམས་ལེན་ཐད་གཙོ་བོ་ཕྱོགས་མི་འདྲ་བ་གཉིས་སུ་འཕེལ་རྒྱས་བྱུང་ཡོད་ སྟེ།  ས་ཁུལ་གྱི་དབང་དུ་བཏང་ན་ཐེག་དམན་གྱི་ཆོས་ནི་རྒྱ་གར་ལྷོ་ཕྱོགས་སུ་འཕེལ་རྒྱས་ཕྱིན་དང་། ཐེག་ཆེན་གྱི་ཆོས་ནི་རྒྱ་གར་བྱང་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནོ། །

རྒྱ་གར་ལྷོ་ཕྱོགས་སུ་འཕེལ་རྒྱས་ཕྱིན་པའི་ཐེག་དམན་གྱི་ཆོས་ནི། གཙོ་བོ་གནས་བརྟན་སྡེ་བའི་ལྟ་བའི་རྨང་གཞིའི་སྟེང་འཕེལ་རྒྱས་སུ་ཕྱིན་པ་ཞིག་དང་།  དེ་ནི་ཐཱེ་གོ་དང་།  ཡོའོ་ནན། ལོ་ཝོ།  ཁམ་ཕུ་ཁྲེ། འབྲས་ལྔོངས།  སང་གཱ་ཕོ། ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ཏའེ་རིགས་ས་ཁུལ་སོགས་ཡ་གླིང་ཤར་ལྷོའི་རྒྱལ་ཁབ་དང་ས་གནས་ཁག་ལ་དར་པའི་ནང་བསྟན་ཡིན་ལ། རྒྱ་གར་བྱང་ཕྱོགས་སུ་འཕེལ་རྒྱས་ཕྱིན་པའི་ཐེག་ཆེན་གྱི་ཆོས་ནི། གཙོ་བོ་ཕལ་ཆེན་གྱི་སྡེ་དང་ཤེར་ཕྱིན་གྱི་མདོ་སོགས་ཀྱི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་སུ་ཕྱིན་པ་ཞིག་དང་།  དེ་ནི་བལ་བོ་དང་། རྒྱ་ནག  ཁྲོ་ཞན། འཇར་པན། བོད། སོག་པོ་སོགས་ཡ་གླིང་དཀྱིལ་མའི་རྒྱལ་ཁབ་དང་ས་གནས་ཁག་ལ་དར་པའི་ནང་བསྟན་ལ་ཟེར་རོ། །

ཁྱད་པར་ནི།  བྱང་བརྒྱུད་ནང་བསྟན་ནི་ཐེག་ཆེན་གྱི་ཆོས་གཙོ་བོ་ཡིན་ལ། དེ་ཡང་རྒྱལ་ཁབ་དང་ས་གནས་ཁག་གི་རིག་གནས་དང་ཕན་ཚུན་འབྲེལ་འདྲིས་དང་དང་ལེན་གྱི་གོ་རིམ་ཁྲོད་འཕེལ་རྒྱས་སུ་ཕྱིན་པ་ཞིག་དང་།  སྐད་སཾཀྲྀ་ཏ་དང་དེའི་ཡིག་ཐོག་ནས་བརྩམས་པའི་བསྟན་བཅོས་དང་། དེ་དག་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྐད་དང་ཡི་གེའི་ཐོག་ལོ་ཙྭ་བྱས་པའི་བསྟན་བཅོས་ཀྱི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་བྱུང་པ་ཞིག་ཡིན། ད་ལྟ་བྱང་བརྒྱུད་ནང་བསྟན་སྟེ་ཐེག་ཆེན་གྱི་ཆོས་ཅུང་ཆ་ཚང་བཞུགས་པའི་བཀའ་དང་བསྟན་བཅོས་ནི་རྒྱ་ནག་གི་སྐད་དང་བོད་སྐད་ཐོག་བཞུགས་པའི་བསྟན་བཅོས་དག་ཡིན་ནོ། །            

ལྷོ་བརྒྱུད་ནང་བསྟན་ནི་སྟོན་པ་ཞལ་བཞུགས་དུས་ཐུན་མོང་དུ་གསུངས་པའི་ཆོས་སྟེ་ཐེག་དམན་གྱི་ཆོས་གཙོ་བོ་ཡིན་ཞིང་།  གཞུང་ལུགས་ཀྱི་རྨང་གཞི་ནི་པཱ་ལི་སྐད་དང་དེའི་ཡིག་ཐོག་ནས་བརྩམས་པའི་བསྟན་བཅོས་དག་ཡིན་ནོ། །

དབུ་མ་པའི་གྲུབ་མཐའ།

དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ནི་མགོན་པོ་ཀླུ་སྒྲུབ150-250ཡིན་ལ། ཁོང་གིས་འཁོར་ལོ་བར་བའི་ཆོས་ཏེ་ཤེར་ཕྱིན་གྱི་མདོའི་དགོངས་དོན་མཐའ་དག་གཞུང་ལུགས་སྟེང་ཕྱོགས་སྡོམ་གནང་སྟེ་དབུ་མ་རིགས་ཚོགས་དྲུག་བརྩམས་པ་དང་། ཐེག་ཆེན་གྱི་ཆོས་ཀྱི་སྙིང་པོ་སྟེ་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ལེགས་པར་གཏན་ལ་ཕབས།  དབུ་མ་རིགས་ཚོགས་དྲུག་ནི་ཕྱིས་ཀྱི་ཐེག་ཆེན་འཕེལ་རྒྱས་ཁྲོད་ཀྱི་ལྟ་བ་གཏན་ལ་འབེབ་བྱེད་ཀྱི་གཞུང་ལུགས་ཀྱི་ཁུངས་གཏུགས་ས་གཙོ་བོ་རུ་གྱུར་ཡོད། ཕྱིས་ཀྱི་ཐེག་ཆེན་འཕེལ་རྒྱས་ཁྲོད་རིགས་ཚོགས་དྲུག་སྤྱི་དང་། ཁྱད་པར་དུ་«དབུ་མ་རྩ་བ་ཤེས་རབ་»ལ་འགྲེལ་ལུགས་མི་འདྲ་བ་གཉིས་བྱུང་སྟེ་དབུ་མ་ནང་ཁུལ་དུ་ཐལ་རང་གཉིས་སུ་གྱེས་སོ། །

སེམས་ཙམ་པའི་གྲུབ་མཐའ།

སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ནི་འཕགས་པ་ཐོགས་མེད་ཡིན་ལ།  ཁོང་དུས་རབས་བཞི་པའི་སྔ་རྗེས་ཙམ་ལ་བྱོན་ཏེ། རྗེ་བཙུན་བྱམས་པ་མགོན་པོའི་མཛད་པར་གྲགས་པའི་བྱམས་ཆོས་སྡེ་ལྔའི་རྨང་གཞི་ལ་བརྟེན་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་ཞིང་། སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི་འཕགས་པ་ཐོགས་མེད་རང་ཉིད་ཀྱིས་མཛད་པའི་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་ཡིན།  ཕྱིས་ཀྱི་འཕེལ་རྒྱས་ཁྲོད་སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས་སུ་གྱེས།

ནང་བསྟན་འཕེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནང་བསྟན་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་སྐྱེས་བུ་སྟེ་རྒྱན་དྲུག་མཆོག་གཉིས་བྱུང་ཞིང་།  དེ་ལས་ཀྱང་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལ་ཤིང་རྟ་ཆེན་པོ་རྣམ་གཉིས་སུ་གྲགས། འདི་ལས་ང་ཚོས་སྤྱི་ལོའི་དུས་རབས་དང་པོའི་ནང་ཐེག་ཆེན་གྱི་ཆོས་འཕེལ་རྒྱས་སུ་འགྲོ་བའི་མགོ་བརྩམས་པ་དང་། སྤྱི་ལོའི་དུས་རབས་གཉིས་པ་ནས་ཐེག་ཆེན་གྱི་ཆོས་དེ་གཞུང་ལུགས་ཀྱི་ཆ་ནས་རྨང་འདོང་པའི་དུས་རབས་ཤིག་ལ་ཐོན་ཡོད་པ་ཤེས་ཐུབ། སྤྱི་ལོའི་དུས་རབས་གཉིས་པ་ནས་ལྔ་པའི་བར་ནི་ཐེག་ཆེན་གྱི་ཆོས་དེ་གཞུང་ལུགས་ཆ་ནས་མ་ལག་ཆ་ཚང་དུ་འགྱུར་བའི་དུས་སྐབས་ཤིག་ཡིན།

དུས་རབས་དེའི་ནང་རིམ་བཞིན་བྱོན་པའི་རྒྱན་དྲུག་མཆོག་གཉིས་ནི་གཙོ་བོ་ཐེག་ཆེན་གྱི་ཆོས་ཀྱི་རྒྱུན་འཛིན་དང་དར་སྤེལ་ཐད་མཛད་རྗེས་མཆོག་ཏུ་ཆེ་བའི་སྐྱེས་བུ་དམ་པ་ཡིན་པ་དང་།  ཁྱད་པར་དུ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ནི་ཐེག་པ་ཆེན་པོའི་ཆོས་དེ་གཞུང་ལུགས་ཀྱི་ཆ་ནས་མ་ལག་ཆ་ཚང་དུ་གཏོང་བའི་སློབ་དཔོན་གཙོ་བོ་རུ་གསལ་ལོ། ། 

དེས་ན་ཐེག་པ་ཆེན་པོའི་ཆོས་ནི་གྲུབ་མཐའི་དབང་དུ་བཏང་ན་དབུ་མ་པ་དང་སེམས་ཙམ་པ་གཉིས་སུ་འདུ་བ་དང་། ཡོངས་གྲགས་ལྟར་ན་གསང་སྔགས་ཀྱི་གྲུབ་མཐའ་ནི་དབུ་མའི་ཁོངས་སུ་བསྡུ་བ་ཡིན་ཏེ། དབུ་མ་ལས་གཙོ་བོ་ཤེས་རབ་ཀྱི་ཆ་སྟོན་པ་དང་། གསང་སྔགས་ལས་དབུ་མས་བསྟན་པའི་ཤེས་རབ་གྱི་ཆ་དེ་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ལམ་ཉམས་སུ་ལེན་པའི་རིམ་པ་བསྟན་འདུག་པའི་ཕྱིར་རོ། །

གསང་སྔགས་གྱི་གྲུབ་མཐའ།

ལོ་རྒྱུས་ཡོངས་གྲགས་ལྟར་ན་སྟོན་པ་ཞལ་བཞུགས་དུས་སྐལ་ལྡན་གྱི་སློབ་མ་དབང་པོ་མཆོག་ཏུ་གྱུར་པ་འགར་དམིགས་ནས། ཨོ་ཌི་ཡ་ན་དང་མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སོགས་སུ་རིམ་པ་བཞིན་«འདུས་པའི་རྒྱུད་»དང་། «དུས་འཁོར་རྩ་རྒྱུད་»སོགས་སྐབས་དེའི་རྒྱལ་པོ་ཨིནྡྲ་བྷུ་ཏི་དང་རིགས་ལྡན་ཟླ་བ་བཟང་པོ་སོགས་ལ་གསུངས་པ་གསལ་ཞིང་། ད་དུང་«འཕགས་པ་གསེར་འོད་དམ་པའི་མདོ་»སོགས་སུའང་གསང་སྔགས་ཀྱི་ཆོས་བསྟན་འདུག སྤྱིར་གསང་སྔགས་ཀྱི་རྒྱུད་ནི་སྟོན་པ་ཁོ་ནས་གསུངས་པ་མིན་སྟེ། གསང་བདག་ཕྱག་ན་རྡོ་རྗེ་སོགས་ཀྱིས་གསུངས་པའང་མང་དུ་ཡོད་པ་རྒྱུད་སྡེའི་གཞུང་རྣམས་སུ་གསལ་ལོ། །

དེས་ན་གསང་སྔགས་ཀྱི་ཆོས་ནི། ཀླུ་སྒྲུབ་གྱི་སློབ་དཔོན་ས་ར་ཧའི་བར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདན་ས་གཙོ་བོ་ནཱ་ལཱནྡཱ་དང་བི་གྲ་མ་ལ་ཤཱི་ལ་གཉིས་སུ་སྐལ་ལྡན་གྱི་སློབ་མ་དབང་བོ་མཆོག་ཏུ་གྱུར་པ་རེ་གཉིས་ལ་སྙན་བརྒྱུད་དང་ཆིག་བརྒྱུད་ཀྱི་ཚུལ་དུ་སྤེལ་བ་ལས་ཐུན་མོང་དུ་སྤེལ་བའི་སྲོལ་མེད་ལ།  གཞུང་ལུགས་ཀྱི་ཆ་ནས་ཕྱོགས་སྡོམ་གནང་སྟེ་མ་ལག་ཆ་ཚང་དུ་གྱུར་མེད་དོ། །

སྤྱི་ལོའི་དུས་རབས་གཉིས་པའི་སྐབས་སུ་འཕགས་པ་ཀླུ་སྒྲུབ་ཀྱིས་ཟླ་བ་ཞེས་བྱ་བས་མཛད་པའི་གསང་འདུས་རྩ་རྒྱུད་གྱི་འགྲེལ་བ་«སྒྲོན་གསལ་ལ་»བརྟེན་ནས། དེའི་དོན་འགྲེལ་«སྒྲུབ་ཐབས་མདོར་བྱས་»དང་།  «མདོ་བསྲེས།»  «རིམ་ལྔ་»སོགས་མཛད་པ་དང་།  ཁོང་གི་སློབ་མ་འཕགས་པ་ལྷས་«སྤྱོད་བསྡུས་སྒྲོན་མེ་»དང་། «རྣམ་གཞག་རིམ་པ་»སོགས་མཛད་པ་ལ་བརྟེན་ནས་གཞུང་ལུགས་དང་ཉམས་ལེན་གཉིས་ཀྱི་ཆ་ནས་ཅུང་ཆ་ཚང་དུ་གྱུར་ཡོད་དོ། །

ཡིན་ནའང་རྒྱ་གར་རང་དུ་ཉན་ཐོས་སྡེ་བ་མང་ཆེ་ཤོས་ཀྱིས་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་དུ་གསང་སྔགས་ཀྱི་ཆོས་སངས་རྒྱས་ཀྱི་བཀར་མི་འདོད་པས། རྒྱ་གར་རང་དུ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་རྩོད་པ་མང་དུ་བྱུང་ཞིང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་སྒྲུབ་པའི་ཐེག་ཆེན་བཀའ་སྒྲུབ་ཀྱི་བསྟན་བཅོས་ཀྱང་བརྩམས་ཡོད་དོ། །

དེ་བཞིན་ཐཱེ་གོ་སོགས་ཉན་ཐོས་སྡེ་བའི་ཆོས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ཏུ་སྤྱིའི་ཆ་ནས་ཐེག་ཆེན་གྱི་ཆོས་དང་ཁྱད་པར་དུ་གསང་སྔགས་ཀྱི་ཆོས་ཁས་མི་ལེན་པ་དང་། ཀྲུང་གོའི་སྐམ་ས་སྤྱི་ལོ་དུས་རབས་དང་པོའི་ནང་དར་མགོ་ཚུགས།དང་།  འཇར་ཕན།  ཁྲོའོ་ཞན་ སོགས་སུ་ཐེག་པ་ཆེ་ཆུང་གི་ཆོས་གཉིས་ཀ་དར་ཡོད་ནའང་ཕྱོགས་རེ་བའི་རྣམ་པར་གྱུར་འདུག་སྟེ།  འགའ་ཞིག་གིས་«དམ་ཆོས་པདྨ་དཀར་པོ་»ཁོ་ནར་དད་པ་བྱེད་པ་དང་། ཁ་ཅིག་གིས་བསམ་གཏན་པའི་ཆོས་ཁོ་ནར་དད་པ་བྱེད་པའི་གྲུབ་མཐའ་བྱུང་ཡོད་པ་ལྟ་བུས་ཤེས་ཐུབ།

དེས་ན་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་སྟོན་པ་ཤཱཀྱ་ཐུབ་པས་ནང་བསྟན་གསར་བཏོད་གནང་བ་ནས་སྤྱི་ལོ་དུས་རབས་གསུམ་པའི་བར་ནི། སྤྱིའི་ཆ་ནས་ཐེག་དམན་གྱི་ཆོས་ཁྱབ་ཆེན་པོས་སྒོ་ནས་དར་ཁྱབ་དུ་སོང་བ་ལས། ཐེག་ཆེན་གྱི་ཆོས་དང་ཁྱད་པར་དུ་གསང་སྔགས་ཀྱི་ཆོས་དེ་ཐར་ཐོར་དང་སྦས་ཆོས་ལྟ་བུའི་རྣམ་པར་གནས་ཡོད། འཕགས་པ་ཀླུ་སྒྲུབ་བྱོན་པ་ནས་ཐེག་པ་ཆེན་པོའི་ཆོས་སྤྱི་དང་ཁྱད་པར་ཏུ་ཕར་རོལ་ཕྱིན་པ་དང་། དབུ་མའི་ལྟ་བ།  “སྒྱུ་ལུས་དང་འོད་གསལ་སོགས་ཐེག་པ་ཆེན་པོའི་ཆོས་ཀྱི་ལྟ་བ་གལ་ཆེན་དག་གཞུང་ལུགས་སྟེང་ཕྱོགས་སྡོམ་གནང་འདུག

ཕལ་ཆེར་སྤྱི་ལོ་དུས་རབས་བདུན་པའི་སྐབས་ལ་ཐོན་དུས་ཐེག་ཆེན་གྱི་ཆོས་ནི་བློ་ལྡན་མཁས་པ་ཐུན་མོང་གིས་ཁས་ལེན་པའི་དུས་སྐབས་གསར་བ་ཞིག་ལ་སླེབས་ཡོད།  ཡིན་ནའང་དུས་སྐབས་དེ་དག་གི་རིང་ལ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་།  མདོ་སྔགས་ཟུང་འབྲེལ།  “ཐེག་པ་ཆེ་ཆུང་གི་གཞུང་ཐམས་ཅད་གང་ཟག་གཅིག་འཚང་བརྒྱ་བའི་ཐབས་ཡིན་པ་སོགས་ཀྱི་ལྟ་བ་དངོས་སུ་བཏོན་མེད་དོ། །

གསུམ་པ། བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ནང་བསྟན་གྱི་གནས་བབ་ལ་བརྟག་པ།

བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་ཆོས་འབྱུང་རྣམས་སུ་བསྟན་པ་སྔ་དར་ཞེས་བརྗོད་པ་ནི།  སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་ནང་བསྟན་ལ་ཟེར། ལོ་རྒྱུས་ཡོངས་གྲགས་ལྟར་ན་དུས་རབས་བདུན་པའི་སྐབས་ཏེ་སྲོང་བཙན་སྒམ་པོའི་དུས་ནི་བསྟན་པའི་སྲོལ་དར་བའི་དུས་དང་། དུས་རབས་བརྒྱད་པའི་སྐབས་ཏེ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནི་བསྟན་པའི་རྨང་འདོང་པའི་དུས་དང་། དུས་རབས་རབས་དགུ་པ་སྟེ་ཁྲི་རལ་བ་ཅན་གྱི་སྐབས་ནི་བསྟན་པ་དར་ཞིང་རྒྱས་པའི་སྐབས་ཡིན་པའི་བཤད་སྲོལ་ཆགས་ཡོད་དོ། །

དུས་རབས་བདུན་པའི་སྐབས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་581-649དུས་ལ་མཚོན་ན། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཚོང་ལས་སོགས་ཀྱི་འགྲོ་འོང་ལ་བརྟེན་ཕན་ཚུན་ལ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ། བོད་ཀྱི་དམངས་ཁྲོད་དུ་ནང་བསྟན་ལ་དད་པ་བྱེད་པའི་རྨང་གཞི་བརྟན་པོ་ཡོད་པར་མ་ཟད། སྐུ་དྲག་དང་ཤེས་ཡོན་པའི་ཁྲོད་དུའང་ནང་བསྟན་ལ་དད་པ་བྱེད་པའི་རྨང་གཞི་ངེས་ཅན་ཆགས་ཡོད་དོ། །

སྲོང་བཙན་སྒམ་པོས་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་འོག་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ནང་བསྟན་ཉིད་རྒྱལ་ཁབ་ཀྱི་ཆོས་སུ་གཏན་འཁེལ་བྱས་ཤིང་། ཤུགས་ཆེན་པོས་ནང་བསྟན་སྤེལ་བར་རྒྱབ་སྐྱོར་བྱས་ཏེ་ལྷ་སའི་གཙུག་ལག་ཁང་སོགས་བཞེངས་པར་མ་ཟད། རྒྱ་གར་གྱི་མཁས་པ་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། ཁ་ཆེ་ཏ་ནུ། བལ་པོ་ཤཱི་ལ་མཉྫུ། རྒྱ་ནག་ཧྭ་ཤང་མ་ཧ་དེ་ཝ་ཆེ་རྣམས་བོད་དུ་གདན་དྲངས་ནས་བོད་དུ་བྱོན་པ་དང་། ལོ་ཙཱ་པ་ཐོན་མི་སམྦྷོ་ཊ་དང་། ངྷརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་བྱས་ཏེ་དམ་ཆོས་འདུལ་བ་རིན་པོ་ཆེ་ཏོག་གི་གཟུངས་དང་། ཟླ་བ་སྒྲོན་མ། དམ་ཆོས་དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་། གཙོ་བོ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར།ད་དུང་རྒྱལ་པོའི་བཀའ་ལྟར་ཐོན་མི་སོགས་ཀྱིས་«པང་ཀོང་ཕྱག་རྒྱ་»དང་། «མདོ་སྡེ་ཟ་མ་ཏོག» «ཚིནྡ་མ་ཎའི་གཟུངས།» «མདོ་སྡེ་ལས་རྣམ་འབྱེད་»སོགས་བོད་དུ་བསྒྱུར་རོ། །

ཁྲི་སྲོང་ལྡེ་བཙན་742-797སྐབས་ལ་ཐོན་དུས་སྔར་ཡོད་ནང་བསྟན་གྱི་རྨང་གཞིའི་སྟེང་། སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་གཉིས་བོད་དུ་གདན་དྲངས་ཤིང་། བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་།  སད་མི་མི་བདུན་རབ་ཏུ་བྱུང་པ་སོགས་ནང་བསྟན་རྒྱུན་འཛིན་དང་དར་སྤེལ་ཐད་སྔར་མེད་མཛད་རྗེས་མང་པོ་བཞག་འདུག་གོ །

བོད་སིལ་བུར་འཐོར་ནས་བསྟན་པ་ཕྱི་བར་869-978 ལོ་ངོ་བརྒྱ་དང་དགུའི་རིང་བོད་བརྒྱུད་ནང་བསྟན་དེ་གཅིག་གྱུར་མ་ཡིན་པའི་གནས་ཚུལ་འོག་ས་ཁུལ་དུ་མར་ཐར་ཐོར་གྱི་རྣམ་པར་གནས་ཡོད་ཅིང་། གནས་བབ་དེར་བརྟེན་གཞུང་ལུགས་དང་དེའི་གོ་དོན་གྱི་ཆ་ནས་ཕྱོགས་རེ་ཙམ་ལས་ཚད་ལྡན་དུ་གྱུར་མེད་པ་དང་། ད་དུང་མན་ངག་ཐན་ཐུན་གྱི་རྗེས་སུ་འབྲངས་ཏེ་བདེན་རྫུན་མཉམ་བསྲེས་ཀྱི་ཕྱོགས་སུ་དར་རྒྱས་སུ་འགྲོ་བཞིན་ཡོད་དོ། །

མདོར་ན་བསྟན་པ་སྔ་དར་དུས་ཀྱི་བོད་ཀྱི་ནང་བསྟན་ནི། བོད་ཀྱི་བཙན་པོ་རིམ་བྱུང་དང་ཁྱད་པར་དུ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་གྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་ལ་བརྟེན། སྐབས་དེའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། བལ་བོ།  རྒྱ་ནག  ཁ་ཆེ་སོགས་སུ་ཡོད་པའི་ནང་པའི་པཎྜི་ཏ་དང་རྣལ་འབྱོར་པ་མང་པོ་དང་། བོད་ཀྱི་ལོ་ཙཱ་པའི་དད་སྟོབས་དང་བརྩོན་འགྲུས་ལས། བོད་རང་དུ་ནང་བསྟན་གྱི་རྨང་གཞི་ངེས་ཅན་ཞིག་ཆགས་ཐུབ་པ་བྱུང་ཡོད་ལ། སྐབས་དེའི་ནང་བསྟན་གྱི་ཁྱད་ཆོས་གཙོ་བོ་ནི། གཙུག་ལག་ཁང་བཞེངས་པ་དང་། ནང་བསྟན་གཞུང་ལུགས་ཀྱི་ལོ་ཙཱ། རབ་བྱུང་གི་སྡེ་ཚུགས་པ་གསུམ་ཡིན་པར་སྣང་ངོ་། ། 

བཞི་པ། བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ནང་བསྟན་གྱི་གནས་བབ་ལ་བརྟག་པ།

བསྟན་པ་ཕྱི་དར་ནི་གཙོ་བོ་དུས་རབས་བཅུ་པ་ནས་བཅུ་བཞི་པའི་བར་ལ་གོ  རྒྱུ་མཚན་ནི་དུས་རབས་དེ་དག་ནང་བོད་ཀྱི་ནང་བསྟན་དེ་གཞུང་ལུགས་དང་མན་ངག་གི་ཆ་ནས་མ་ལག་ཆ་ཇེ་ཚང་དུ་འགྲོ་བ། སློབ་གསོའི་ཆ་ནས་ཐོས་བསམ་སྒོམ་གསུམ་གྱི་བརྒྱུད་རིམ་ཡོད་པ། ཉམས་ལེན་གྱི་ཆ་ནས་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བ། ཞིབ་འཇུག་གི་ཆ་ནས་གཏིང་ཟབ་པ་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་དོ། །

བསྟན་པ་ཕྱི་དར་ནས་བཟུང་བོད་ཀྱི་ནང་བསྟན་དེ་ཕྱོགས་ཡོངས་ནས་ཆ་ཚང་དུ་གྱུར་ཏེ་མཐར་བོད་ཡུལ་ནི་ནང་བསྟན་གྱི་ཕ་ས་ལྟ་བུར་གྱུར་ཡོད་པ་ལ་ཕྱིའི་ཆ་རྐྱེན་ཡང་ངེས་ཅན་ཞིག་འཛོམས་འདུག་སྟེ།  དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་ལ་ཨ་ལ་པོའི་དཔག་དཔུང་གིས་རྒྱ་བསྐྱེད་དེ་ཡེ་སི་ལམ་ཆོས་ལུགས་དར་སྤེལ་ཆེད་རྒྱ་གར་ཡུལ་དབུས་ལ་བཙན་བཙན་འཛུལ་བྱས་པ་དང་།  རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་བཙན་བཟུང་བྱས། དུས་རབས་བཅུ་གསུམ་པའི་དུས་མགོར་ཨ་ལ་པོའི་དམག་དཔུང་གིས་རྒྱ་གར་ཡུལ་དབུས་དང་། ལྷོ་ཕྱོགས།  བྱང་ཕྱོགས་ཆ་ཚང་བཙན་བཟུང་བྱས་པར་མ་ཟད།  ནང་པའི་དགོན་སྡེ་དང་དད་ལྡན་མི་སྣ། ཁྱད་པར་དུ་ནང་པའི་པཎྜི་ཏ་ལ་གནོད་འཚེ་ཚབས་ཆེན་ཐེབས་པས་སྐབས་དེར་ནང་པའི་པཎྜི་ཏ་མང་པོ་ཞིག་ཐེ་གོ་དང་། འབར་མ།   བོད་ཡུལ་སོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་དོ། །

སྐབས་དེར་བོད་ཡུལ་ལ་མཚོན་ན་འབངས་མི་སེར་དང་ས་གནས་སྲིད་གཞུང་གཉིས་ཀའི་ཆ་ནས་ནང་བསྟན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད།  ནང་བསྟན་གྱི་མཁས་པ་དང་གྲུབ་ཆེན་པར་དམིགས་བསལ་གྱི་གོ་གནས་དང་ཐོབ་ཐང་སྤྲོད་པའི་ཁོར་ཡུག་ཅིག་ཆགས་ཡོད། དེ་ལྟ་བུའི་གནས་བབ་འོག་རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ནས་ནང་པའི་པཎྜི་ཏ་དུ་མ་བོད་དུ་ཕེབས། དཔེར་ན། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ ལྟ་བུ་ཡིན།  ཇོ་བོ་རྗེ་ཨ་ཏི་ཤ་ལ་མཚོན་ན་སྐབས་དེའི་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བོད་དུ་གདན་དྲངས་པ་ཞིག་ཡིན་མོད། ཡིན་ནའང་ཁོང་སྤྱི་ལོ་1040ལོར་བོད་དུ་ཕེབས་པ་ཡིན་པས་ཨ་ལ་པོའི་དམག་དཔུང་གི་བཙན་འཛུལ་མགོ་བརྩམས་པའི་དུས་དང་འཁེལ་ཡོད་དོ། །

དེའི་ནང་གཞུང་ལུགས་དང་ལག་ལེན། མདོ་དང་སྔགས་ཟུང་འབྲེལ་སོགས་ནང་བསྟན་གནད་འགག་གྱི་ཆ་ནས་རྨང་འདོང་མཁན་ནི་ཇོ་བོ་ཨ་ཏི་ཤ་ཡིན་ལ། ཁོང་གིས་བརྩམས་པའི་བསྟན་བཅོས་དང་། གདམས་ངག ལག་ལེན། ཁྱད་པར་དུ་«བྱང་ཆུབ་ལམ་སྒྲོན་»ནི་ཕྱིས་ཀྱི་བོད་ཀྱི་གྲུབ་མཐའ་ཁག་གི་གཞུང་ལུགས་ཀྱི་ཁུང་གཏུགས་ས་དང་ཚད་གཞི་ལྟ་བུར་ངོས་འཛིན་བྱེད་དོ། །

གཞུང་ལུགས་ལོ་ཙཱའི་ཕྱོགས་ནས་བསྟན་པ་སྔ་དར་སྐབས་སུ་ལོ་ཙཱ་པ་ལྔ་བཅུ་རྩ་དྲུག་ཙམ་ལས་བྱུང་མེད་པ་དང་ཕྱི་དར་སྐབས་སུ་ལོ་ཙཱ་པ་བརྒྱ་དང་ང་གསུམ་ བྱུང་པས་བསྟན་པ་སྔ་དར་ལས་ལྡབ་གཉིས་ཀྱིས་མང་པ་དེས་གཞུང་ལུགས་ཀྱི་ཆ་ནས་ཆ་ཇེ་ཚང་དུ་སོང་ཡོད་པ་གསལ་བོར་མཚོན་ཡོད།

གདམས་ངག་གི་ཕྱོགས་ནས་མར་པ་ལོ་ཙཱ་པ1012-1097རྒྱ་གར་དུ་ཐེངས་གསུམ་ཕྱིན་ཏེ་གྲུབ་ཆེན་ནཱ་རོ་པ་སོགས་ལས་ནཱ་རོ་ཆོས་དྲུག་གི་གདམས་པ་དང་ཁྱད་པར་དུ་བོད་རང་དུ་སྔར་མེད་པའི་གདམས་པ་འཕོ་བ་གྲོང་འཇུག་གི་གདམས་པ་སོགས་བོད་དུ་སྤེལ་བ། རྗེ་བཙུན་མི་ལ་རས་པ་དང་མཉམ་མེད་དྭགས་པོ་ལྷ་རྗེ་སོགས་ཀྱིས་རྒྱུན་འཛིན་བྱས་ཤིང་།  དུས་ཕྱིས་གདམས་པ་དེ་གཙོ་བོ་རྒྱུན་འཛིན་པའི་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ངོ་། །

མདོར་ན་སྤྱི་ལོ་1042ནས་1206ལོའི་བར་ལོ་ངོ་བརྒྱ་དང་ལྔ་བཅུའི་ནང་བཀའ་གདམས་པ་དང་། སྶྐྱ་པ། བཀའ་བརྒྱུད་པ། ཇོ་ནང་པ་སོགས་རིམ་བཞིན་དར་རྒྱས་སུ་འགྲོ་བའི་དུས་སྐབས་ཤིག་ཡིན་པ་དང་། དུས་སྐབས་དེིའི་ཁྱད་ཆོས་གཙོ་བོ་ནི། གཞུང་ལུགས་ཀྱི་ཆ་ནས་མ་ལག་ཆ་ཚང་དུ་གྱུར་ཡོད་པ་དང་།  གདམས་ངག་མང་པོ་བོད་དུ་འདུ་བ།  ལྟ་སྤྱོད་ཀྱི་ཆ་ནས་འདུལ་བས་སྔགས་སྤོང་བ་དང་། སྔགས་ཀྱིས་འདུལ་བ་སྤོང་བ་སོགས་ནང་བསྟན་གཞུང་དོན་གྱི་གོ་བ་ལེན་ཚུལ་དང་ཉམས་ལེན་ཆ་ནས་ཕྱོགས་རེ་བ་དང་འགལ་བའི་རྣམ་པ་མངོན་ཡོད་དོ། །

ལྔ་པ།   རྗེ་ཙོང་ཁ་པའི་མཛད་རྗེས་སྤྱིའི་ཆ་ནས་བརྟག་པ།

རྗེ་ཙོང་ཁ་པ་1357-1419ནི།  དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ལ་བྱོན་པ་དང་། སྐབས་དེ་ནི་བཅོམ་ལྡན་རིགས་པའི་རལ་གྲི་དང་། བུ་སྟོན་ཐམས་མཁྱེན་པ་སོགས་ཀྱི་སྐུ་དྲིན་ལ་བརྟེན་ནས་བཀའ་བསྟན་ཕྱོགས་བསྒྲིགས་དང་དེའི་ཆོས་ཚན་གྱི་གོ་རིམ་གསལ་བར་ཕྱེས་ཤིང་འཆད་ཉན་གྱི་སྲོལ་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པ་ཞིག་བཙུགས་པའི་རྨང་གཞི་ལ་བརྟེན། བོད་དུ་ནང་བསྟན་གཞུང་ལུགས་ཀྱི་འཆད་ཉན་དང་ཉམས་ལེན་གྱི་ཆ་ནས་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་ཟམ་མ་ཆད་དུ་འབྱུང་བཞིན་ཡོད་དོ། ། 

ལྷག་པར་དུ་སྐྱ་པ་དང་། བཀའ་བརྒྱུད་པ། ཇོ་ནང་པ་སོགས་བོད་ཀྱི་ཆོས་བརྒྱུད་སོ་སོའི་ནང་ཕར་ཕྱིན་དང་དབུ་མ་སོགས་མདོ་ཕྱོགས་དང་། གསང་འདུས་དང་དུས་འཁོར་སོགས་གསང་སྔགས་སྐོར་གྱི་གཞུང་ལུགས་ཀྱི་དཔྱད་པ་དང་། གདམས་ངག་གི་རྒྱུན་འཛིན་དང་ཉམས་ལེན་ཐད་རིམ་བཞིན་ཆ་ཚང་དང་ཚད་ལྡན་དུ་འགྱུར་པའི་དུས་སྐབས་གསར་བ་ཞིག་ལ་ཐོན་ཡོད།

དུས་སྐབས་དེའི་ནང་ཀརྨ་རོལ་པའི་རྡོ་རྗེའི་ལུང་བསྟན་དང་རྗེ་ཙོང་ཁ་པའི་ཐོག་མའི་དགེ་རྒན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བསླབ་བྱ་ལ་བརྟེན་ནས་རྗེ་ཙོང་ཁ་པ་དགུང་ལོ་བཅུ་དྲུག་ཐོག་དབུས་སུ་ཕེབས།  དགུང་གྲངས་བཅུ་བདུན་པ་ནས་བཟུང་དབུས་གཙང་གི་ཆོས་བརྒྱུད་ཁག་གི་གྲགས་དང་མ་གྲགས་པའི་མཁས་པ་རིས་མེད་ཀྱི་མདུན་ནས་གཞུང་དང་གདམས་དག་གི་ཁྲིད་དང་། ལུང་། རྗེས་གནང་དང་། དབང་སོགས་ཕྱོགས་མེད་གཅིག་ཏུ་བཞེས་པས། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་གཞུང་དང་གདམས་ངག་གི་ཆུ་བོ་ཀུན་གཅིག་ཏུ་འདུས་པའི་རྒྱ་མཚོ་ལྟ་བུར་གྱུར། དེ་བས་སྐབས་དེར་དབུས་གཙང་དུ་སྐད་གྲགས་ཆེས་ཆེ་བའི་རྗེ་རེ་མདའ་པ་དང་།  བླ་མ་དབུ་མ་པ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་སོགས་ནི་ཁོང་གི་བླ་མ་གཙོ་གྲས་ཡིན། ཕྱིས་སུ་ཁོང་རྣམ་པས་རྗེ་ཙོང་ཁ་པ་ལ་ཆོས་འབྲེལ་ཞུས་པ་དང་།  སྐབས་དེའི་གོང་མ་ཡུང་ལོས་ཀྱང་རྒྱ་ནག་ཏུ་ཐེངས་གསུམ་ལ་གདན་ཞུ་མཛད་པ་སོགས་ཀྱིས་ཁོང་གི་སྐུ་ཡོན་གྱི་ཟུར་ཙམ་ཞིག་མཚོན་ཐུབ་བོ། །

ཁོང་གི་སྐུ་ཚེའི་མཛད་པ་ལ་མཛད་ཆེན་བཞི་ཞེས་གྲགས་པ་བྱུང་ཡོད་དེ། དེ་དག་ནི་རྗེ་ཙོང་ཁ་པ་དགུང་ལོ་སོ་དྲུག་པར་འོལ་ཁ་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བ་གཟིགས་ནས་རྟེན་དང་བརྟེན་པར་བཅས་ལ་ཞིག་གསོ་མཛད་ཅིང༌། རབ་ཏུ་གནས་མཛད་པའི་ཚེ་སངས་རྒྱས་རབ་བདུན་དངོས་སུ་བྱོན་ཏེ་བྲིས་སྐུ་ལ་ཐིམ་པ་དང་མར་མེ་འཛིན་པ་སོགས་སུ་གྲགས་པ་ནི་མཛད་ཆེན་དང་པོ་ཡིན་ནོ། །

དགུང་ལོ་སོ་དགུ་པ་ལ་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་པ་ཆེན་པོ་དང་འདུལ་བའི་ཆོས་མང་དུ་གསུངས་ཤིང༌། ལྟུང་བྱེད་ཉེས་བྱས་དང་བཅས་པར་བཤགས་པ་དང༌། སྐྱེ་བོའི་ཚོགས་རྣམས་ཀྱང་བསྙེན་གནས་དང་སྐྱབས་འགྲོའི་སྡོམ་པ་ལ་བཀོད་ཅིང་། སྐྱ་སེར་ཐམས་ཅད་ཀྱིས་ས་ཚྭ་འདེབས་པ་སོགས་ལུང་ར་ཆེན་མོར་གྲགས་པའི་མཛད་པ་ནི་མཛད་ཆེན་གཉིས་པ་ཡིན་ནོ། །

དགུང་ལོ་ང་གསུམ་པར་ཆོ་འཕྲུལ་དུས་ཆེན་དང་འབྲེལ་ཇོ་ཤཱཀ་རྣམ་གཉིས་ལ་དབུ་རྒྱན་དང་། ན་བཟའ། མཆོད་རྫས་སོགས་ཕུལ་བ་དང༌། ཚེས་གཅིག་ནས་བཅོ་ལྔའི་བར་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དང༌། དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་མཆོད་སྦྱིན་རྒྱ་ཆེན་པོ་དང༌། མཐའ་ཁོར་གྱི་སྐྱེས་བུ་མང་པོ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པའི་མཛད་པ་བསྐྱངས་པ་སོགས་འཕགས་ཡུལ་གྱི་བྱུང་བ་དང་མཐུན་པར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲགས་པ་བཙུགས་པ་ནི་མཛད་ཆེན་གསུམ་པ་ཡིན་ནོ། །

དགུང་ལོ་ང་དགུ་པ་ལ་ཡངས་པ་ཅན་གྱི་གཙུག་ལག་ཁང་བསྐྲུན་ཅིང་གསང་འདུས་དང་། བདེ་མཆོག །རྡོར་དབྱིངས་བཅས་ཀྱི་དཀྱིལ་འཁོར་བློས་བསླངས་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པ་གསར་དུ་བཞེངས་ཤིང་། རབ་གནས་མཛད་པའི་ཚེ་ལྟས་ངོ་མཚར་ཅན་མང་དུ་བྱུང་བར་གྲགས་ཤིང༌། དཀྱིལ་འཁོར་དེ་དག་དང་འབྲེལ་བའི་སྒྲུབ་མཆོད་ཀྱི་ཆོ་ག་རྒྱུད་སྡེའི་དགོངས་པ་བཞིན་གྱི་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པ་འཛུགས་པར་མཛད་པ་ནི་མཛད་ཆེན་བཞི་པ་ཡིན་ནོ། །

མཛད་ཆེན་དེ་དག་ནི་ཕྱིས་སུ་བོད་མི་དམངས་ཀྱིས་ཁོང་གི་སྐུ་ཚེའི་མཛད་འཕྲིན་གྱི་ཆ་ལ་བཞག་པའི་སྡོམ་ཚིག་ཅིག་ཡིན་པར་སྣང་ལ། མཛད་ཆེན་བཞི་ལས་ང་ཚོས་མཐོང་ཐུབ་པ་ནི། སྐབས་དེར་གསང་སྔགས་ལ་བསྙད་བཏགས་ནས་འདུལ་བའི་གཞུང་ལུགས་དང་དང་ལག་ལེན་འཐུས་ཤོར་དུ་སོང་བ་དང་།  སྐུ་གསུང་ཐུགས་རྟེན་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་བྱེད་པའི་ཕྱག་ལེན་ཉམས་དམས་སུ་གྱུར་བ། རྒྱུད་སྡེའི་བློས་བསླངས་ལ་བརྟེན་ནས་སྒྲུབ་པའི་མཆོད་པ་ཡང་དག་ཚུགས་མེད་པ་སོགས་ཀྱི་གནད་དོན་སེལ་དེ། མདོ་དང་རྒྱུད་སྡེའི་དགོངས་དོན་དང་མཐུན་པའི་ཕྱག་སྲོལ་རྣམ་དག་བཙུགས་པ་དེ་ནི་སྔར་མེད་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་པ་གསལ་བོར་མཚོན་འདུག་གོ །

དྲུག་པ།  བྱེ་བྲག་ལྟ་སྒོམ་སྤྱོད་གསུམ་གྱི་ངོས་ནས་བརྟག་པ།

ལྟ་བ།

ལྟ་བའི་ཆ་ནས་གཙོ་བོ་མདོ་ཕྱོགས་ཀྱི་དབུ་མའི་ལྟ་དང་སྔགས་ཕྱོགས་ཀྱི་སྒྱུ་ལུས་སྒྲུབ་ཚུལ་གྱི་ཆ་ནས་གསར་བཏོད་རང་བཞིན་གྱི་ལྟ་བ་བཏོན་འདུག་སྟེ།

རྗེ་ཙོང་ཁ་པ་ཞལ་བཞུགས་པའི་སྐབས་དེར་བོད་དུ་དབུ་མའི་ལྟ་བའི་ཆ་ནས་གཙོ་བོ་ལུགས་མི་འདྲ་བ་གཉིས་བྱུང་འདུག་པ་ནི། མཐའ་བཞི་དང་བྲལ་བའི་དབུ་མ་པ་དང་། གཞན་སྟོང་གི་དབུ་མ་པ་གཉིས་ཡིན།

དང་པོ་ནི། ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཡིན། དེའི་དོན་ནི་མཐར་འཛིན་དང་མཚན་མར་འཛིན་པ་ཐམས་ཅད་སྤོང་དགོས་ཤིང་། དེ་ལ་ཐོག་མར་བདེན་པར་འཛིན་པའི་ཡུལ་གྱི་བདེན་པ་མ་བཀག་ན་མཐར་འཛིན་ཕྱི་མ་རྣམས་དགག་ཏུ་མེད་པས། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་རྣམས་ཀྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་མེད་དུ་གཏན་ལ་དབབ་པར་བྱ་དགོས། འདི་དགག་བྱ་རགས་པ་ཡིན་ཞིང་འཁོར་བའི་རྒྱུའི་གཙོ་བོ་ཡང་ཡིན་པས། གཞུང་རྣམས་ལས། དེའི་ཞེན་ཡུལ་བདེན་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པ་ཡིན། དེ་བཀག་ནས་བདེན་པས་སྟོང་པ་ཉིད་དུ་བཟུང་བ། དཔེར་ན་རྟ་ལ་ཞོན་པ་གཡས་ཕྱོགས་སུ་མ་ལྷུང་ཡང་། གཡོན་ཕྱོགས་སུ་ལྷུང་བ་ལྟར་ཆད་པའི་མཐར་ལྷུང་བ་ལས་མ་འདས་པས་དེ་ཡང་དགག་པར་བྱ་བ་ཡིན་པར་འདོད་པ་རེད།

གཉིས་འཛིན་དང་གཉིས་མིན་དུ་འཛིན་པ་ཡང་འགོག་དགོས་པས་མཐའ་བཞི་གང་དུ་ཡང་གཟུང་བའི་ཡུལ་མ་རྙེད་ན། དེར་འཛིན་པ་མེད་པ་ལ་དབུ་མའི་ལྟ་བ་རྟོགས་ཞེས་ཐ་སྙད་འདོགས་པ་དང་། དབུ་མའི་ལྟ་བ་འདིའོ་ཞེས་མཐའ་གཅིག་ཏུ་འཛིན་པ་གཅིག་བྱུང་ན་སྟོང་མི་སྟོང་སོགས་གང་དུ་བཟུང་ཡང་མཐར་འཛིན་ལས་མ་འདས་པས་དབུ་མའི་ལྟ་བ་མིན་པར་བཞེད་དོ། །

ལུགས་འདི་འཛིན་མཁན་ནི། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་སོགས་གསང་གསང་ཕུ་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྒྱལ་པ་ཀློང་ཆེན་པ་སོགས་གསང་སྔགས་རྙིང་མའི་ཆོས་བརྒྱུད་འཛིན་པ་རྣམས་དང་། ས་སྐྱ་པ་ཡབ་སྲས། མར་མི་དྭགས་གསུམ། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་བོད་སྔ་རབས་པའི་མཁས་པ་ཕལ་ཆེར་ཡིན་ནོ། །

གཉིས་པ་ནི། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་གྱིས1292-1361་བཞེད། ལུགས་འདིས་སྟོང་པ་ཉིད་ནི། རང་གི་ངོ་བོས་སྟོང་པ་ཉིད་དང་། གཞན་གྱི་ངོ་བོས་སྟོང་པ་ཉིད་གཉིས་སུ་འདོད་པ་དང་། བདེན་པ་ལའང་ཀུན་རྫོབ་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་སུ་འདོད། ངོ་བོ་ཉིད་ལ་ཀུན་བཏགས་དང་། གཞན་དབང་། ཡོངས་གྲུབ་དང་གསུམ་དུ་བཞེད་དོ། །

དེ་ལ་ཀུན་བཏགས་དང་གཞན་དབང་ནི་ཀུན་རྫོབ་བདེན་པ་ཡིན་ལ། ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ནི། རྨི་ལམ་དང་སྒྱུ་མ་བཞིན་དུ་གདོད་མ་ནས་རང་གི་ངོ་བོས་སྟོང་པའི་ཕྱིར་དེ་དག་གི་སྟོང་པ་ཉིད་ནི་རང་གི་ངོ་བོས་སྟོང་པ་ཉིད་ཅེས་བྱ་ལ། ཆོས་ཉིད་ཡོངས་གྲུབ་དོན་དམ་པའི་བདེན་པ་ནི། རང་གི་ངོ་བོས་སྟོང་པ་མིན་གྱི་ཀུན་བཏགས་གཞན་དབང་གི་ངོ་བོ་འདུས་བྱས་ཀྱི་ཆོས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པའི་ཕྱིར། གཞན་གྱི་ངོ་བོས་སྟོང་པར་འདོད་དོ། །

དེ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྟོང་ཉིད་དོན་དམ་པའི་བདེན་པ་དང་། ཆོས་ཀྱི་སྐུ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་བཞེད་ལ་གཙོ་བོ་ཇོ་ནང་པའི་གྲུབ་མཐས་བཞེད་དོ། །

རྗེ་ཙོང་ཁ་པའི་དབུ་མའི་ལྟ་བའི་ཁྱད་ཆོས་ནི། སྟོང་པ་རྟེན་འབྱུང་གི་དོན་དུ་གོ་པ་དང་རྟེན་འབྱུང་སྟོང་པའི་དོན་དུ་གོ་བ་དེ་ཡིན། དེ་ཡང་གོ་སླ་བར་བརྗོད་ན་སྟོང་དང་རྟེན་འབྱུང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དེ་ཡིན། དེ་ཡང་«རྩ་བ་ཤེས་རབ་»སོགས་དབུ་མའི་གཞུང་ལས་བཤད་པའི་རིགས་པ་རྣམས་ཀྱིས་བཙལ་བའི་ཚེ། མ་རྙེད་པའི་བདེན་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་དེ་ཉིད་དབུ་མའི་ལྟ་བ་མཐར་ཐུག་ཏུ་བཞེད་ཅིང་། དེ་དོན་དམ་བདེན་པ་མཚན་ཉིད་པ་ཡང་ཡིན་ལ། ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུའང་བཞེད་དོ། །

དེ་ལྟར་བདེན་པ་བཀག་ཟིན་ནས་བདེན་པ་བཀག་པའི་སྟོང་ཉིད་དེར་མངོན་པར་ཞེན་པ་ནི་དགག་ཏུ་མི་རུང་སྟེ། དེ་ཡུལ་གྱི་གནས་ལུགས་རྟོགས་པའི་བློ་ཡིན་ཕྱིར། དབུ་མའི་དགག་བྱ་ནི་བདེན་པ་ཁོ་ན་ཡིན་ལ་དེས་བདེན་པར་མ་བཟུང་བར་བཞེད་པ་འདི་སྔ་མ་གཉིས་དང་མི་མཐུན་པའི་རྗེ་ཙོང་ཁ་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་ལ། ཆོས་ཐམས་ཅན་ཀྱི་རང་བཞིན་བདེན་པར་མ་གྲུབ་པས་སྒྱུ་མ་ལྟ་བའི་རྟེན་འབྲེལ་མི་བསླུ་བ་དང་། ཆོས་ཐམས་རྟེན་ཅིང་འབྲེལ་བར་འབྱུང་བས་རང་བཞིན་བདེན་པར་མ་གྲུབ་པའི་གནས་ལུགས་ནི་སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་གོ་བའི་གནད་དམ་པ་ཡིན་པར་བཞེད།  སྤྱིར་སྣང་བས་ཡོད་མཐའ་སེལ་ཞིང་སྟོང་པས་མེད་མཐའ་སེལ་བ་དབུ་མ་ཐལ་འགྱུར་པའི་ཁྱད་ཆོས་ཡིན་ གསུངས་པ་འདི་ཡང་རྗེ་ཙོང་ཁ་པའི་དབུ་མའི་ལྟ་བའི་གོ་དོན་གནད་བསྡུས་པ་ཞིག་ཏུ་འཁུམས་སོ། །

གསང་སྔགས་ཀྱི་ལྟ་བའི་ཐད་ནས་རྗེ་ཙོང་ཁ་པའི་ཐུན་མོང་མ་ཡིན་པའི་ལྟ་བ་དེ་སྒྱུ་ལུས་ཀྱི་ངོས་འཛིན་དང་དེ་སྒྲུབ་ཚུལ་གྱི་ཆ་ནས་ཡིན་ཏེ།  བོད་སྔ་རབས་པ་ཁ་ཅིག་གིས།  སྒྱུ་མའི་སྐུའི་དོན་རང་བཞིན་གྱིས་གྲུབ་པའི་སྟོང་ཡང་ཐ་སྙད་ཙམ་དུ་སྣང་བ་བདེན་སྟོང་སྒྱུ་མ་ལྟ་བུ་ལ་འདོད་པ་དང་། ལ་ལས་དེ་ཙམ་བྱས་ན་སྔགས་ལུགས་སུ་མི་འགྲོ་བས་ཞལ་ཕྱག་རྒྱན་ཆ་ལུགས་སོགས་ཀྱི་རྣམ་པར་སྣང་ཡང་དོན་དམ་པར་མ་གྲུབ་པའི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞིག་ལ་འདོད་པ་དང་། འགའ་ཤས་ཀྱིས་ཨ་ཡིག་འོད་ཟེར་ལྔ་ལྡན་དང་མི་ཤུགས་པའི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་སྣང་སྟོང་གཉིས་ཚོགས་སུ་བསྐྱེད་པ་ལ་ཟེར་བ་སོགས་བཞེད་ཚུལ་དུ་མ་ཞིག་བྱུང་འདུག་གོ །

རྗེ་ཙོང་ཁ་པ་ཆེན་པོས་བཞེད་པའི་སྒྱུ་ལུས་ནི།  སེམས་ཅན་རྣམས་ལ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་སྒྱུ་ལུས་ཀྱི་སྒྲུབ་གཞིར་འདོད་པ་དང་།  སྒྱུ་མའི་སྐུའི་སྒྲུབ་གཞི་གཉུག་མའི་ལུས་ནི་སྙིང་གའི་མི་ཤུགས་པའི་སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་དེ་ཡིན་ཞིང་།  གཉུག་མའི་སེམས་ནི་དེ་ལ་བརྟེན་པའི་ཡིད་ཤེས་ཤིན་ཏུ་ཕྲ་བ་ཞིག་ཡོད་པ་དེ་ཡིན། འོ་ན་སྒྲུབ་གཞི་དེ་ལྟ་བུ་ཀུན་རྫོབ་སྒྱུ་མའི་སྐུར་ཇི་ལྟར་བསྒྲུབ་ཅེ་ན།  ཐ་མལ་པའི་བར་དོ་འགྲུབ་པ་ལའང་ལས་ཉོན་གྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་པ་ལ་ལྟོས་དགོས་པ་ལྟར།  སྒྱུ་ལུས་འགྲུབ་པ་ལ་བསྒོམ་སྟོབས་ཀྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་པའི་ནུས་པ་ཞིག་དགོས་ཤིང་།  དེ་ཡང་རྫོགས་རིམ་རིམ་པ་ལྔའི་རིམ་པ་དང་པོ་རྡོ་རྗེའི་བཟླས་པའི་རིམ་པ་ལ་བརྟེན་ནས་རླུང་སེམས་ལྷ་སྐུར་འགྲུབ་པ་ཡིན་པས།  དེ་ནི་ལུས་ཕྲ་རགས་འབྱེད་པའི་ཐབས་མཆོག་ཡིན་པར་གསུངས་ཤིང་། ཕྱི་ནང་གི་སྲོག་རྩོལ་ལ་བརྟེན་ནས་རླུང་འཆི་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་གར་ཐིམ་པའི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་གཞོན་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་།  སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཕུང་པོ་རྙིང་བ་ལས་གོ་ས་ལོགས་སུ་སྒྱུ་མའི་སྐུར་ལྡིང་བ་ཡིན་ནོ། ། ཞེས་པ་ལྟར་ཡིན་ནོ། །

སྒོམ་པ།

རྗེ་ཙོང་ཁ་པ་ཡར་སྔོན་གྱི་དམ་པ་མང་པོ་ཞིག་གིས་སྒོམ་པ་ཐམས་ཅན་འཇོག་སྒོམ་ཁོ་ནར་འདོད་ནས། དཔྱད་པ་སྒྲོ་འདོགས་གཅོད་བྱེད་ཁོ་ན་དང་སེམས་འཕྲོ་བྱེད་དུ་བསམས་ཏེ་སྐྱོན་དུ་བཟུང་ཞིང་།  སྒོམ་པ་གནས་ཆ་གཙོ་བོར་བྱེད་པས།  བྱིང་རྒོད་ཀྱི་ཁྱད་པར་མ་ཕྱེས་པར་བྱིང་བ་ཕྲ་མོ་སྒོམ་རྣམ་དག་ཏུ་འཕྲུལ་ནས་དཔྱད་འཇོག་གཉིས་འགལ་ཟླར་འགྲོ་བར་བཤད་དོ། ། 

རྗེ་ཙོང་ཁ་པས་དཔྱད་སྒོམ་དགོས་པ་ལ་དཔྱད་སྒོམ་དང་། འཇོག་སྒོམ་དགོས་པ་ལ་འཇོག་སྒོམ།  དཔྱད་འཇོག་སྤེལ་མ་དགོས་པ་ལ་སྤེལ་མ་དགོས་ཚུལ་རྒྱས་པར་གཏན་ལ་ཕབས་ཤིང་།  དེ་ཡང་སངས་རྒྱས་ཀྱི་མདོ་དང་། བྱམས་ཆོས། ས་སྡེ།  སྒོམ་རིམ་སོགས་ཚད་ཐུབ་ཀྱི་གཞུང་གཞིར་བཟུང་ཏེ།   ཞི་ལྷག་སོ་སོའི་ཚོགས་བསྟེན་ཚུལ་དང་།  དམིགས་རྟེན་གྱི་ཁྱད་པར།  དཔྱད་འཇོག་གི་རྣམ་དབྱེ། སེམས་གནས་པའི་ཐབས་དགུ།  ཉེས་པ་ལྔ་དང་དེ་སྤོང་བའི་འདུ་ཤེས་བརྒྱད།  སྟོབས་དྲུག་དང་ཡིད་བྱེད་བཞིའི་སྒོ་ནས་སེམས་གནས་དགུ་ཇི་ལྟར་འགྲུབ་ཚུལ། ཞི་གནས་དང་ལྷག་མཐོང་རྗེས་མཐུན་པ་གྲུབ་པའི་ཚད།  དེ་དག་གི་གོ་རིམ། དེ་ནས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མཚན་ཉིད་པ་སྐྱེ་ཚུལ།  དེ་དག་གི་ཐོག་མཐའ་བར་གསུམ་དུ་མྱོང་པ་ཇི་ལྟར་སྐྱེ་ཚུལ།  ལུས་སེམས་ལ་འབྱུང་བའི་རྟགས་དང་བྱིང་རྒོད་ཀྱི་ཁྱད་པར།  དེ་དག་གཉེན་པོ་གང་གི་སེལ་ཚུལ།  དྲན་པ་དང་ཤེས་བཞིན་གྱི་ངོས་འཛིན།  དེ་གཉིས་སྐབས་གང་དུ་ཇི་ལྟར་བསྟེན་ཚུལ་སོགས་རྒྱས་པར་གཏན་ལ་ཕབས་པ་ལས་ཤེས་ནུས་སོ། །

སྤྱོད་པ།

བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་སངས་རྒྱས་ཀྱི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་མར་གྱུར་པར་བཤད་པ་དེ། དོན་དངོས་སུ་རྗེ་ཙོང་ཁ་པའི་ཡར་གྱི་བོད་ཀྱི་ནང་བསྟན་གྱི་གནས་བབ་ལ་གོ་བ་ཡིན། རྒྱུ་མཚན་ནི། རྗེ་ཙོང་ཁ་པའི་སྔོན་དུ་བསྟན་པ་འཛིན་པར་ཁས་འཆེ་བ་མང་ཆེ་ཤོས་ཀྱིས་བསྙེན་རྫོགས་ཙམ་ཡང་མ་སྒྲུབ་པར་གཞན་གྱི་མཁན་པོ་བྱེད་པ་དང་། མཚམས་ཀྱི་ནང་དེར་ལས་གྲལ་དུ་མ་གཏོགས་པའི་དགེ་སློང་མང་པོ་བསྡད་ནས་གཞན་གྱི་ལས་བྱེད་པ་དང་།  ལས་གྲལ་དུ་གཏོགས་པ་རྣམས་ཀྱང་ཆ་ལུགས་དང་སྤྱོད་ལམ་མི་མཐུན་པར་གནས་པ་སྟེ།  ཐོག་མ་ནས་ཆང་འཐུང་པ་དང་། ཕྱི་དྲོའི་ཁ་ཟས་ལྟ་བུ་མི་སྤོང་བའམ་ཡང་ན་ཞག་གྲངས་ཁ་ཤས་ཙམ་ཁོ་ནར་སྤོང་རྩིས་བྱེད་པ་སོགས་ལྟ་བུ་དང་།  ལྡན་དགོས་པའི་རྟགས་དང་ཆ་བྱད་མེད་པར་ལྷན་པ་རེ་དང་། ལྷུང་བཟེད་ཀྱི་ཚབ་ཏུ་ཕོར་བ་ཚུན་ཆད་བྱེད་པ་དང་།  ཆོ་ག་ཆད་ལྷག་མེད་པར་འདོན་པ་ལ་ཆད་ལྷག་དང་ལག་ལེན་ནོར་སྐྱོན་བྱུང་བ་སོགས་བྱེད་པ་དང་།  འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐོས་བསམ་ལྷུར་ལེན་དུས་སུ།  ཆང་འཐུང་བ་དང་།  དུས་མ་ཡིན་པའི་ཁ་ཟས་ཟ་བ། ཀླུ་དང་། གཞས། རོལ་མོ་ལ་རོལ་བ་སོགས་དོན་ལ་བག་མེད་པའི་སྤྱོད་པར་ཞུགས་པ་སོགས་ནི། ཐོས་བསམ་ལ་བརྩོན་པ་ལྷུར་ལེན་པའི་ཕྱིར་ལུས་ཀྱི་འབྱུང་ཁམས་གསོ་བའི་ཆེད་ཡིན་ནོ་སྙམ་ནས་སྐྱེས་བུ་ཆེན་པོར་རློམ་པ་དང་། ཐ་ན་རབ་ཏུ་བྱུང་པའི་ཆ་ལུགས་ཀྱང་འདོར་བའི་ཤན་རིམ་པར་ཞུགས་ཏེ། གདིང་བ་དང་། ལྷུང་བཟེད། བླ་གོས། མཐང་གོས། སྣམ་ཕྲན། གླེགས་བུ་དང་སྦྱར་བ་སོགས་ལག་ལེན་ལྟ་ཅི་རྣ་བས་ཀྱང་གོ་མ་མྱོང་བའི་གནས་ཚུལ་ཆགས་ཡོད་པ་ལྟ་བུའོ། །

དེ་ལྟ་བུའི་གནས་ཚུལ་འོག་རྗེ་ཙོང་ཁ་པས་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཡོན་ཏན་ཀུན་གྱི་རྩ་བར་མཐོང་ཞིང་། དེའི་ནང་ནས་ཀྱང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་ཡོན་ཏན་ཀུན་ནང་དུ་སྡུད་པར་བྱེད་པ་དང་།  བསྡུས་པ་རྣམས་རང་རྒྱུད་ལ་འབྱོར་བར་བྱེད་པ་ཡིན་པར་ངོས་བཟུང་ཞིང་། གལ་ཏེ་སྡོམ་པ་གསུམ་ལས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་ལེགས་པར་བསྲུང་མ་ན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཉིས་རང་བཞིན་བསྲུང་མི་ཐུབ་པར་མཐོང་བ་ཡིན་ཏེ།

ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ་སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་བར་བྱེད་པ་ཡིན་ཏེ་དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམ་ཞིང་བསྲུང་བར་འགྱུར་ལ། དེ་མ་བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་མི་བསྡམ་ཞིང་མི་བསྲུང་བར་འགྱུར་བས། ཞེས་གསུངས་ཏེ། ཚུལ་ཁྲིམས་ཀྱི་གཞི་རྩ་ཡང་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྤོང་པའི་ཚུལ་ཁྲིམས་ཡིན་པ་དང་། དེ་ཡང་སོ་ཐར་རིས་བདུན་ལས་རབ་བྱུང་གི་སྡོམ་པ་ནི་སྡོམ་པ་ཀུན་གྱི་མཆོག་དང་བསྟན་པའི་རྩ་བར་དགོངས་སོ། ། 

དེ་བས་གནམ་རྩེ་ལྡེང་དུ་ཆོས་རྗེ་རྣམ་གསུམ་གདན་འཛོམས་ནས་འདུལ་བའི་ཕྱག་ལེན་དང་། གཞི་བཅུ་བདུན་དང་ལུང་རྣམ་འབྱེད་ནས་གསུངས་པའི་བཅས་པ་ཕྲ་མོ་ཡན་ཆད་ཆོས་འདུལ་བ་ནས་ཇི་ལྟར་བཤད་པ་ཇི་བཞིན་ལག་ལེན་དུ་འདེབས་པའི་སྲོལ་བཙུགས་པ། དཔེར་ན། དགའ་ལྡན་དགོན་པ་ཕྱག་འདེབས་སྐབས་སུ།  འདུལ་བ་གནས་མལ་གྱི་གཞི་ནས་ཇི་ལྟར་གསུངས་པ་བཞིན་གྱི་ཆོ་ག་རྣམས་ཆད་ལྷག་མེད་པར་དངོས་སུ་ལག་ལེན་དུ་བཏབ་པ་ལྟ་བུའོ། །

འཛམ་གླིང་གི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་དུས་རབས་བཅུ་བཞི་པའི་སྐབས་སུ་ནང་བསྟན་གྱི་གཞུང་དང་གདམས་ངག་ཐམས་ཅད་བོད་དུ་འདུས་པ་དང་། བོད་དུ་ནང་བསྟན་གཞུང་ལུགས་དང་ཉམས་ལེན་སོགས་ཕྱོགས་ཡོངས་ནས་མ་ལག་ཆ་ཚང་དུ་གྱུར་ཡོད་མོད། གཞུང་དོན་གྱི་གོ་ལེན་སྟངས་དང་གཞུང་ལུགས་ཕན་ཚུན་བར་གྱི་འབྲེལ་བའི་ཐད་མ་རྟོགས་པ་དང་ལོག་པར་རྟོག་པའི་གནད་དོན་གནས་ཡོད་པ། དཔེར་ན། ཐེག་པ་ཆེན་པོ་ལ་ཞུགས་ན་ཆོས་འདུལ་བ་དགོས་གལ་མི་ཆེ་བར་འདོད་པ་དང་།  སྟོང་ཉིད་སྒོམ་ན་ལུང་དང་རིགས་པའི་རྟོག་པ་མི་དགོས་པར་འདོད་པ།  སྔགས་ཀྱི་སྒྱུ་ལུས་སྒྲུབ་སྟངས་སོགས་མདོ་རྒྱུད་ནས་བསྟན་པའི་གོ་བ་ཇི་བཞིན་ལོན་མེད་པའི་སྣང་ཚུལ་བྱུང་ཡོད་པ་ལྟ་བུའོ། །

རྗེ་ཙོང་ཁ་པ་ཞལ་བཞུགས་དུས་སུའང་སྐབས་དེའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་ཆེན་པོ་དག་གིས་གཙུག་ཏུ་བཀུར་ཅིང་། འགའ་ཞིག་ཁོང་གི་སློབ་མར་གྱུར་བ་རྣམ་ཐར་དང་ལོ་རྒྱུས་དག་ཏུ་གསལ་ཞིང་། དུས་ཕྱིས་སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་1405-?)དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་1428-1507།  གོ་རམ་འབྱམས་པ་བསོད་ནམས་སེངྒེ།1429-1489སོགས་མཁས་གྲུབ་ཆེན་པོ་འགས་རྗེ་ཙོང་ཁ་པའི་དབུ་མའི་ལྟ་བ་དང་སྒྱུ་ལུས་ཀྱི་ངོས་འཛིན་དང་དེ་སྒྲུབ་ཚུལ་གྱི་ཆ་སོགས་གཙོ་བོ་ལྟ་བ་དང་སྒོམ་གྱི་ཕྱོགས་ནས་དགག་པ་གནང་འདུག་ཅིང་།   ལྷག་པར་སྟག་ཚང་ལོ་ཙཱ་པས་རྗེ་ཙོང་པ་ལ་འགལ་བའི་ཁུར་ཆེན་བཅོ་བརྒྱད་བརྩིས་པ་བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ།  ཕྱིས་སུ་ཁོང་གིས་རྗེའི་ཙོང་ཁ་པའི་གསུང་མཐའ་དག་ལ་ཞིབ་ཏུ་མཇལ་རྗེས་དགོངས་པ་རྣལ་མ་རྟོགས་ཏེ། འགྱོད་བཤགས་ཀྱི་ཚུལ་དུ་བརྩམས་པའི་བསྟོད་པ་གྲགས་ཆེན་ཞིག་མཛད།

དེ་ལས།  ལ་ལ་རིགས་བྲལ་ལུང་གི་གྲུབ་མཐའ་འཇོག །ཁ་ཅིག་ལུང་བྲལ་རིགས་པ་ལྟར་སྣང་ཙམ། །ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན། །ལེགས་པར་མཁྱེན་པ་ཁྱོད་ལ་གུས་ཕྱག་འཚལ། །ཁ་ཅིག་འདུལ་བ་གཙོར་བཟུང་གསང་སྔགས་སྤོང་། །གཞག་དག་སྔགས་ལ་མོས་བློས་འདུལ་བ་འགོག །རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ། །རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད། །མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། ། ཞེས་གསུངས།   བསྟོད་ཚིག་འདི་ལས་དུས་རབས་བཅུ་བཞི་པའི་སྐབས་ཀྱི་ནང་བསྟན་གྱི་གནས་བབ་སྤྱི་དང་། རྗེ་ཙོང་ཁ་པས་ནང་བསྟན་ལ་བཞག་པའི་ཁྱད་ཆོས་གཙོ་བོ་སྟེ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་རྩལ་དུ་བཏོན་ནས་གསུངས་འདུག་གོ །

རྗེ་ཙོང་ཁ་པ་མྱ་ངན་ལས་འདས་ནས་ལོ་ངོ་ལྔ་བཅུ་ལྷག་གི་ནང་། སྟག་ཚང་ལོ་ཙཱ་པ་སོགས་མཁས་གྲུབ་ཆེན་པོ་རེ་གཉིས་ཀྱིས་རྗེའི་རིག་གཞུང་གི་ལྟ་བའི་ཆ་ནས་དགག་བཞག་མཛད་མྱོང་པ་མ་གཏོགས།  རྗེས་སུ་ཚད་ཐུབ་གྱི་མཁས་པས་དགག་གཞག་མཛད་པ་མི་སྣང་ལ།  དགག་བཞག་མཛད་མྱོང་པ་དེ་དག་གི་ནང་ནས་ཀྱང་སྟག་ཚང་ལོ་ཙཱ་པས་ཕྱིས་སུ་རྗེའི་དགོངས་པ་ཐུགས་ཀྱིས་བཞེད་པའི་དོན་དངོས་སུ་བསྟན་འདུག་གོ །

བདུན་པ།  སྤྱི་སྡོམ།

སྟོན་པ་སངས་རྒྱས་ཞལ་བཞུགས་དུས་ཁོང་གིས་སྐབས་དེའི་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་དང་མཐུན་པར་གང་ལ་གང་འཚམ་གྱིས་གནས་དང་དུས་མི་འདྲ་བ་དུ་མ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས།  བཀའ་རྣམས་ཐར་ཐོར་གྱི་རྣམ་པར་གནས་ཡོད། སྟོན་པ་མྱ་དན་ལས་འདས་པའི་ལོ་དེའི་དབྱར་ཁར་བཀའ་བསྡུ་དང་པོ་མཛད་པ་དེ་ནི། ནང་བསྟན་གཞུང་ལུགས་སྤྱི་དང་ཁྱད་པར་དུ་འདུལ་བའི་སྡེ་སྣོད་ཀྱི་ངོས་ནས་རྒྱུ་ཆ་ཕྱོགས་སྒྲིག་གི་དུས་སྐབས་འགོ་ཚུགས་པ་ཡིན།  དེ་ནས་ལོ་བརྒྱ་ལྷག་གི་རྗེས་ཉན་ཐོས་སྡེ་བ་རྣམས་གཙོ་བོ་འདུལ་བའི་ཆ་ནས་གོ་བ་ལེན་སྟངས་མ་འདྲ་བའི་དབང་གིས་རྩོད་པ་བྱུང་སྟེ་བཀའ་བསྡུ་གཉིས་པ་མཛད་པ་དེས་ནི། ཉན་ཐོས་སྡེ་བའི་ཆོས་དེ་གཞུང་དོན་གྱི་རྒྱུ་ཆའི་ངོས་ནས་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་འགྲོ་བཞིན་ཡོད་པ་མཚོན་ཡོད་དོ། ། 

དེས་ན་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པ་ནས་སྤྱི་ལོའི་དུས་རབས་དང་པོའི་བར་གྱི་ལོ་ངོ་ལྔ་བརྒྱ་ཙམ་གྱི་རིང་དེ་ནི། ནང་བསྟན་གཞུང་ལུགས་ཀྱི་རྒྱུ་ཆ་ཕྱོགས་སྒྲིག་གི་དུས་སྐབས་ཤིག་ཡིན་པ་དང་། སྤྱི་ལོའི་དུས་དང་པོ་ནས་བདུན་བར་ནི་རྒྱུ་ཆ་དེ་དག་གཞུང་ལུགས་སྟེང་ཕྱོགས་སྡོམ་བགྱིས་ཏེ་གཞུང་ལུགས་ཀྱི་མ་ལག་ཆ་ཚང་དུ་འགྲོ་བའི་དུས་སྐབས་ཤིག་ཡིན་པ་དང་།  སྤྱི་ལོའི་དུས་རབས་བདུན་པ་ནས་བཅུ་གསུམ་པའི་བར་ནི་གཞུང་ལུགས་ཀྱི་དོན་ལ་ཞིབ་འཇུག་དང་འགྲེལ་བ་བྱེད་པའི་དུས་སྐབས་ཤིག་ཡིན་ནོ། །

དུས་རབས་བཅུ་གསུམ་པའི་རྗེས་ནས་བོད་མ་གཏོགས་ཡ་གླིང་གི་ནང་བསྟན་དར་ཡོད་པའི་རྒྱལ་ཁབ་མང་པོ་ནས་ནང་བསྟན་ཉམས་དམས་སུ་འགྱུར་བའི་དུས་སྐབས་ཤིག་གི་མགོ་བརྩམས་པ་དང་། བོད་ལ་མཚོན་ན་དུས་རབས་བདུན་པ་ནས་ནང་བསྟན་རིམ་བཞིན་དར་པའི་རྨང་གཞིའི་ཐོག  དུས་རབས་བཅུ་གསུམ་པའི་ནང་ཁྱིམ་མཚེས་རྒྱལ་ཁབ་དང་ཡུལ་གྲུ་དུ་མ་ནས་ནང་པའི་པཎྜི་ཏ་མང་པོ་བོད་དུ་འབྱོར་ནས། ནང་བསྟན་གཞུང་ལུགས་ཀྱི་ལོ་ཙཱ་དང་།  གཞུང་འགྲེལ།  གདམས་ངག་སྤེལ་བ་སོགས་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ། དེ་བས་བོད་དུ་ནང་བསྟན་གྱི་གཞུང་ལུགས་སོགས་ཕྱོགས་ཀུན་ནས་ཆ་ཚང་ཞིང་། བརྒྱུད་རིམ་ཡོད་པ།  གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།  ཡིན་ནའང་གཞུང་དོན་གྱི་གོ་བ་དང་།  ཉམས་ལེན་སོགས་སྔར་ནར་མ་སོན་པའི་སྐབས་ཀྱི་སྲོལ་ཤིག་སྤྱི་ལ་ཁྱབ་པ་དེ་བཞིན་ཡིན་འདུག་གོ །

སྤྱི་ལོའི་དུས་རབས་བཅུ་བཞི་པའི་སྐབས་རྗེ་ཙོང་ཁ་པ་བྱོན་ཏེ།  གཙོ་བོ་རྒྱ་གཞུང་ལ་གཞི་བཅོལ་ནས་སྐབས་དེའི་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་དང་གྲུབ་པའི་དབང་པོ་རྣམས་ཀྱི་མན་ངག་གིས་ཟུར་བརྒྱན་ཏེ་ཞིབ་འཇུག་དང་ཉམས་ལེན་བྱས་པ་བརྒྱུད།  ཟབ་མོ་སྟོང་པ་ཉིད་དང་སྒྱུ་ལུས་ངོས་འཛིན་དང་དེ་སྒྲུབ་སྟངས་ཀྱི་ཆ་ནས་སྔར་བོད་དུ་བྱུང་མ་མྱོང་པའི་ལྟ་བ་གསར་བ་བཏོན་པ་དང་།  ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་གང་ཟག་གཅིག་འཚང་བརྒྱ་བར་འགལ་བ་མེད་པ་དང་།  མདོ་སྔགས་ཟུང་འབྲེལ་གྱི་ལམ་སྲོལ་རྒྱ་ཆེན་པོ་བཏོད་དོ། ། 

དེ་དག་ལས་ཀྱང་ཆེས་གལ་བ་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དེ་ཡིན་ལ།  དེའི་དོན་ནི་དེ་ཡང་སྤྱན་སྔ་རིན་ཆེན་འཕེལ་ཞེས་གྲགས་པ་དེས་སྤྱན་གཡས་ནས་མལ་གྲོ་ལ་ཐེགས་པའི་བཤུལ་ལམ་འོལ་ཁར་བརྒྱུད་དུས།  རྗེ་རིན་པོ་ཆེའི་དྲུང་དུ་མཇལ་བས།  རྗེའི་ཞལ་ནས།  བཀའ་གདམས་ཞེས་བྱ་བའི་དོན་དེ་ཅི་ཡིན་གསུངས་པས།  སྤྱན་སྔས།  ལགས།  རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་གཞག་ཏུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་ཞུས་པས།  དེ་ཡིན་དེ་ཡིན་ཞེས་མཉེས་པའི་སྟངས་ཆེན་པོ་མཛད། སང་ཆོས་གྲྭར་ཕེབས་དུས་འཁོར་རྣམས་ལ་མདང་དགེ་བའི་བཤེས་གཉེན་རིན་ཅེན་འཕེལ་གྱིས་ཁོ་བོ་ལ་དམ་པའི་ཆོས་ཀྱི་སྐྱེས་ཆེན་པོ་ཁྱེར་བྱུང་གསུངས།  ཇི་ལྟར་ལགས་ཞུས་པས།  ངེད་ཀྱིས་ཁོང་ལ་བཀའ་གདམས་ཀྱི་དོན་དྲིས་པས།  རྒྱལ་བའི་བཀའ་ལས་ཚིག་གཅིག་ཀྱང་གཞག་ཏུ་མེད་པར་གདམས་ངག་ཏུ་འཆར་བ་ཅིག་ཡིན་ཟེར་ཏེ། དེ་ཤིན་ཏུ་ཡིན་པར་འདུག ཅེས་གསུངས་པ་ལྟར་རོ། །

དེས་ན་རྗེ་ཙོང་ཁ་པའི་ནང་བསྟན་ལ་བཞག་པའི་མཛད་རྗེས་དེ་དག་གཙོ་བོ་ཁོང་གིས་མཛད་པའི་«རྩ་ཤེས་ཀྱི་འགྲེལ་བ་»དང་།  «སྒྲོན་གསལ་གྱི་མཆན་གྱི་ཡང་འགྲེལ།»  «དྲང་ངེས་ལེགས་བཤད་སྙིང་པོ་»སོགས་སུ་གསལ་བར་བསྟན་ཡོད་པ་དང་།  གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་བསྟན་བཅོས་ནི་«ལམ་རིམ་ཆེན་མོ་»དང་«སྔགས་རིམ་ཆེན་མོ་»གཉིས་ཡིན་ནོ། །

མདོར་ན། ནང་བསྟན་ལ་མཚོན་ན།  དང་པོ་སྟོན་པ་སངས་རྒྱས་་ཀྱི་སྐུ་དུས་སུ་ས་བོན་བྱུང་།  བར་དུ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་སྐུ་དུས་སུ་ས་བོན་དེ་དག་ལ་བརྟེན་ནས་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བྱུང་། མཐར་རྗེ་ཙོང་ཁ་པའི་སྐུ་དུས་སུ་གཞུང་ལུགས་ཀྱི་གོ་དོན་ལེགས་པར་གཏན་ལ་ཕབས་ཤིང་མ་ལག་ཀུན་ཕན་ཚུན་གཅིག་གྲོགས་གཅིག་ཏུ་སྤྲེལ་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བགྲོད་པའི་ལམ་ཆ་ཚང་ཞིང་བརྒྱད་རིམ་ལྡན་པ་ཞིག་གསལ་བར་གཏན་ལ་ཕབས་པ་ཡིན་པས། སྟོན་པ་སངས་རྒྱས་ནི་ས་བོན་འདོན་མཁན་དང་།  རྗེ་ཙོང་པ་ནི་ས་བོན་དེ་ཉིད་ཕུན་སུམ་ཚོགས་པའི་སྒོ་ནས་འབྲས་བུ་སྨིན་པར་ཆ་རྐྱེན་སྦྱོར་མཁན་ཡིན་པས། རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པར་བརྗོད་པ་དེ་ནི་ནང་འཕེལ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ཀྱིས་བཞག་པའི་གདེངས་འཇོག་ཅིག་ཡིན་ནོ། །

ནང་པ་སངས་རྒྱས་པའི་ཆོས་འདི་བྱ་རྒོད་ཅིག་ཡིན་པའི་དབང་དུ་བཏང་ན། སྲོག་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་སྙིང་པོ་ལུང་དང་རྟོགས་པའི་བསྟན་པ་ཡིན་ལ། ལུས་ནི་བཀའ་བསྡུ་དང་པོ་མཛད་པ་ནས་ཀླུ་སྒྲུབ་ཐོགས་མེད་བར་རིམ་གྱིས་བྱུང་བའི་ཐེག་པ་ཆེ་ཆུང་གི་བསྡུས་པའི་གཞུང་ལུགས་དག་ཡིན།  བར་སྣང་དུ་རང་དབང་དུ་ལྡིང་འཁོར་བྱེད་པའི་གཤོག་ཟུང་ནི་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཡིན་པར་བཤད་ཆོག་གོ །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།