བོད་ཀྱི་སྐར་རྩིས་རིག་པའི་སྤྱི་དོན་མདོར་བསྡུས།

        རང་རེའི་གངས་ཅན་གྱི་ལྗོངས་འདིར་དར་བའི་རྩིས་ཀྱི་རིག་པ་ལ་རྩ་བའི་དབྱེ་བ་གཉིས་ཡོད་དེ། རྒྱ་དཀར་ནག་གི་ཡུལ་ནས་དར་ཡོང་བའི་ཚན་རིག་གི་ཆ་དང་། ཚན་རིག་མ་ཡིན་པའི་ཆ་གཉིས་ཡོད། རྒྱ་གར་ནས་ཡོང་བའི་གནམ་རིག་གི་ཆ་སྐར་རྩིས་སམ་དཀར་རྩིས་སུ་གྲགས་པ་དང་། རྒྱ་ནག་ནས་དར་ཡོང་བའི་གནམ་རིག་གི་ཆ་རྒྱ་རྩིས་སུ་གྲགས་པ་གཉིས་ནི་ཚན་རིག་དང་མཐུན་པའི་ཆ་དང་། ཡང་རྒྱ་གར་ནས་དར་ཡོང་བའི་གཡུལ་རྒྱལ་ལམ་དབྱངས་འཆར་དང་། རྒྱ་ནས་ཡོང་བའི་འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་གཉིས་ནི་ཚན་རིག་མ་ཡིན་པའི་ཆ་ཡིན་ལ།  སྐབས་འདིར་བཤད་པར་བྱ་བ་ནི་སྐར་རྩིས་ཀྱི་རིག་པ་འདི་ཡིན་ནོ།།

004.jpg

དང་པོ། བོད་ཀྱི་གནའ་རབས་རྩིས་རིག
ཡ་ཐོག་དུས་སྐབས་སུ་མིའི་རིགས་ཀྱིས་རྩི་ཐོག་འཐུ་བ་དང་། རི་དྭགས་རྔོན་པ་དང་། ཉ་འཛིན་པ་སོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད་ཅིང་། དེ་རྗེས་རྡོ་ཆས་ཀྱི་དུས་རབས་གསར་བར་སླེབས་སྐབས་གཟན་རྩྭ་དང་ལོ་ཏོག་འདེབས་གསོ་བྱེས་པ་ནས་ཞིང་ལས་ཐོན་སྐྱེད་ཀྱི་ངལ་རྩོལ་བྱེད་འགོ་ཚུགས། དེ་དུས་མི་ཚོས་ངལ་རྩོལ་བྱས་པའི་ཉིན་གྲངས་དང་ཕན་ཚུན་རོགས་རམ་བྱས་པའི་ལས་གྲངས་རྣམས་རྡོ་ནག་ལ་རྡོ་དཀར་གྱི་རི་མོ་འབྲི་བ་དང་། རིམ་གྱིས་ཤིང་རྡོའི་ཕྲེང་བ་ལྟ་བུ་དང་། ཤིང་ལ་འཕེལ་ག་བཏོད་ནས་ལས་གྲངས་བརྩི་བ་བཅས་ལ་བརྟེན་ཉིན་གྲངས་བརྩི་སྲོལ་ཐོག་མར་བྱུང་བ་རེད། སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་མི་ཚོས་ཐོན་སྐྱེད་ངལ་རྩོལ་བྱེད་དུས་ལས་ཀ་དང་ལྟོ་བཟའ་བར་ཉི་རྟགས་བརྒྱབ་ནས་དུས་ཚོད་རྩི་མཁན་སྔ་ཤོས་ནི་མོན་ཡུལ་དུ་གནས་པའི་མི་ཚོ་ཡིན་པར་གྲགས། ཁོང་ཚོས་ལག་པའི་མཐེ་བོང་སྟེང་གི་གཉེར་མ་དང་པོར་འཇག་མ་ཐུང་ངུ་ཞིག་བཙུགས་ནས་དེའི་གྲིབ་གཟིགས་ཀྱིས་དུས་ཚོད་སྔ་ཕྱི་ངོས་འཛིན་བྱས་པ་རེད། ལྟ་སྲོལ་འདི་དག་ད་ལྟའང་བོད་ཀྱི་ས་ཆ་ཁུལ་ཁ་ཤས་སུ་ཞིང་འབྲོག་མི་དམངས་རྣམས་ཀྱིས་བེད་སྤྱོད་གནང་བཞིན་ཡོད། ཆུ་ལ་ཚོད་བྱེད་པའི་ཐབས་ཤེས་སྤྱད་ནས་དུས་ཚོད་ངོས་འཛིན་པ་ནི་སྔོན་ལ་རྡོ་ཁོག་དང་། རྗེས་སུ་རྫ་ཁོག་དང་ཟངས་ཁོག་ནང་དུ་ཆུ་བླུགས་ནས་སྣོད་ཀྱི་ཞབས་སུ་བུ་ག་ཆུང་ཆུང་ཞིག་དྲུས་ནས་ཆུ་ཐིགས་འཛགས་པར་ཚོད་བྱས་ཏེ་ཉིན་དྲུག་དང་མཚན་དྲུག་གི་དུས་ཚོད་དབྱེ་བ་འབྱེད་སྲོལ་ཡང་རིམ་པས་དར་བ་ཡིན།
ལྷག་པར་ད་ནས་བརྩིས་པའི་ལོ་སུམ་སྟོང་བརྒྱད་བརྒྱ་ལྷག་གི་ཡར་སྔོན་དུ་ཞང་ཞུང་གི་ཡུལ་དབུས་འོལ་མོ་ལུང་རིང་ཞེས་སུ་གྲགས་པར་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས། ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་།། མོ་བྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས།། འགྲོ་ལ་ཉེ་བར་ཕན་ཅིང་གསོ་བ་དང་།། ལྐོག་གྱུར་མངོན་གསལ་བོན་སྡེ་དུ་མ་གསུངས།། ཞེས་གསུངས་པ་ལྟར་ཁོང་གིས་བསྟན་པའི་བོན་གྱི་བྱེ་བྲག་ཇི་སྙེད་པ་དང་། དེ་དང་འབྲེལ་བའི་ཤེས་རིག་རྒྱ་ཆེ་ལ་གྲངས་མང་བ་དུ་མ་ཞིག་དར་རྒྱས་བྱུང་ཡོད། སྣང་མཐོང་རྩིས་ལ་གབ་རྩེ་འཕྲུལ་གྱི་མེ་ལོང་དང་། སྤར་ཁ་སྨེ་བའི་གླིང་སྐོར། འབྱུང་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་སོགས་རྩིས་ཀྱི་སྐོར་མང་དུ་གསུངས་ཡོད་པར་བཤད།
སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་ཡས་མས་སུ། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱོན། དེའི་དུས་སུ་རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བ་སྟེ། དེ་དག་ནི་མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བོན། ཕན་ཤེས་སྨན་དཔྱད། སྐོར་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤྭ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་བཅས་ཡིན་ལ། དེ་དག་ལས་སྐོར་ཤེས་རྩིས་མཁན་དང་། འཕུར་ཤེས་ཇུ་ཐིག་གཉིས་ནི་རྩིས་དཔྱད་དང་ཇུ་ཐིག་གི་རྩིས་ཡིན་ལ། དེ་དུས་ནས་བོད་ལ་སྨན་རྩིས་སོགས་ཀྱི་རིག་གནས་དང་། དེ་ཆེད་དུ་གཉེར་བའི་མི་སྣ་སོགས་ཡོད་པར་གྲུབ།
དེ་བཞིན་དུ་མྱོང་རྩིས་ཀྱི་ཁོངས་སུ་གཏོགས་པ་ནམ་མཁའི་སྤྲིན་ལ་བརྟག་པ་དང་། བར་སྣང་གི་རླུང་ལ་བརྟག་པ། ས་གཞིའི་ཤིང་དང་མཚོ་སོགས་ལ་བརྟག་པ། བྱ་སོགས་སྲོག་ཆགས་རིགས་ལ་བརྟག་པ། འཇའ་ཚོན་ལ་བརྟག་པ། ལྷགས་པ་རྒྱག་སྟངས་དང་། འབྲུག་སྒྲ། དགུན་དཔྱད་དབྱར་སྡེབ་སོགས་ཀྱི་སྒོ་ནས་གནམ་གཤིས་སྔོན་དཔག་དང་། ལོ་འབྲས་ལེགས་ཉེས་སོགས་བརྟག་ཚུལ་ཡོད། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ལྷོ་ཁ་ཡར་ཀླུང་ས་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་འཕེལ་འགྲིབ་གྱི་གཟིགས་དབྱིབས་འགྱུར་ལྡོག་ལ་བརྟེན་ནས་ཟླ་ཞག་དང་། དུས་བཞི་བརྩི་བའི་ཟླ་རྩིས་ཀྱི་སྲོལ་བཏོད་པ་དང་། གཞན་ཞང་ཞུང་རྒན་པོའི་ངག་རྩིས་སོགས་ཀྱང་དར་རོ།།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཡིག་ཐོག་མར་གསར་བཟོ་དང་། མི་རིགས་གཞན་པའི་རིག་གནས་ཀྱི་ལེགས་ཆ་ནང་འདྲེན་བྱས་ཏེ་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པར་བཟོས་པ་དང་ཆབས་ཅིག རྒྱ་བཟའ་འུན་ཤིང་ཀོང་ཇོ་བཙུན་མོར་བསུས་པ་བོད་དུ་ཕེབས་སྐབས་རྒྱ་ནག་ནས་རྩིས་རིག་གི་གཞུང་ཁག་ཅིག་བསྣམས་ཡོད་དེ། རྒྱ་ཡི་གབ་རྩེ་གཙུག་ལག་སུམ་བརྒྱ་པོ།། ལེགས་ཉེས་སྟོན་པའི་ལས་ཀྱི་མེ་ལོང་ཡང་།། མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས།། ཞེས་རྒྱ་ནག་གོང་མས་ཀོང་ཇོར་རྩིས་ཀྱི་གབ་རྩེ་སུམ་བརྒྱ་དྲུག་ཅུ་དང་། དེ་མིན་སྤོར་ཐང་བརྒྱད་ཅུ་དང་། འབྱུང་བ་རིན་ཆེན་ཀུན་འདུས། རྒྱུད་གབ་པ་གནད་གཟེར། རིན་ཆེན་སྤུངས་པ། སྡོང་པོ་ཀུན་འདུས། ཧོང་ལེ་བརྩི་སྟངས་སོགས་གཞུང་མང་པོ་སྐྱེས་སུ་གནང་བ་རྣམས་བོད་དུ་དར་ཁྱབ་མཛད་པར་བརྟེན་བོད་ཀྱི་རྩིས་རིག་འཕེལ་རྒྱས་སུ་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་ནུས་པ་ཐོན། དེ་དང་ཕྱོགས་མཚུངས་བོད་ཀྱི་ཤེས་རབ་ཅན་བཞི་རྒྱ་ནག་ཏུ་རྩིས་སློབ་པར་བཏང་སྟེ།  སློབ་དཔོན་འབར་བ་ཚོམ་ཚོམ་ལ་རྩིས་ཀྱི་གཞུང་ལུགས་རྒྱུད་སྡེ་དགུ་དང་། འགྲེལ་བ་གསུམ། གབ་རྩེ་བཅོ་ལྔ་རྣམས་བོད་དུ་ཞུས་ནས་བསྒྱུར་བར་བཤད། དེ་རྗེས་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་རྒྱ་ནག་ནས་ཧོང་ལེའི་ཡིག་ཆ་མེར་རྒན་གསེར་རྩིས་དང་། སྟག་སྣ་ཆུང་བའི་མདོ། ཁྲོམ་རྩིས་ལེའུ་བརྒྱད་ཅུ། གྲུ་གུའི་ཉི་ལྡོག་འཁོར་ལོ། ལི་ཡུལ་གྱི་ལོ་བདག་དང་དྲུག་ཅུའི་ཁྱུང་རྩིས་བཅས་དར་བ་དང་། དེ་བཞིན་ཁ་ཆེ་ནས་དབྱངས་འཆར་འཁོར་ལོ་རེ་བཞི་དང་། བལ་ཡུལ་ནས་ཀ་ར་མྱང་རྩིས། ལྷག་པ་མངའ་རིས་གུ་གེ་དང་ཞང་ཞུང་ནས་གཟའ་ལྔའི་འཕོ་འགྲོས་དང་། ཉི་ཟླ་གཟའ་འཛིན་གྱི་རྩིས་རིག་གི་སྐོར་ཐོག་མར་ཡུལ་དབུས་སུ་དར་ཁྱབ་བྱུང་ངོ་།།
རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོ་བོད་ལ་འབྱོར་ནས་གཙུག་ལག་རྩིས་ཀྱི་རྒྱུད་བདུན་དང་ལེ་ལག་བརྒྱུད་གཙོ་བྱས་ཏེ་འབྱུང་བ་ལྔ་དང་། སྤར་ཁ་བརྒྱད། སྨེ་བ་དགུ། གཟའ་བདུན། རྒྱུ་སྐར་ཉེར་བརྒྱད་སོགས་ཀྱི་རྩིས་འགྲེལ་ཧ་ཅང་མང་པོ་བསྒྱུར། དེའི་རྗེས་རྒྱ་པཎ་དུ་ཧར་ནག་པོ་ཐེངས་སྔ་ཕྱིར་བོད་དུ་འོང་ཞིང་། རྩིས་རིག་གི་གཞུང་ཆེན་གསལ་བའི་སྒྲོན་མེ་དང་། ཉི་ལྡོག་འཁོར་ལོ། འབྱུང་བ་རིན་ཆེན་གསལ་བའི་སྒྲོན་མེ་གསང་ཏིག་བཅུ་གཅིག་སོགས་བརྩམས་པར་མ་ཟད། ཁོང་གི་སློབ་མའི་གཙོ་བོ་ཁམས་ཁྲ་དང་པོས་ཞུས་པའི་གཙུག་ལག་རྩིས་ཀྱི་བེེ་ཌྰུ་རྱའི་གླེགས་བུ་དང་། གཞུང་དོན་སྙིང་བོ། འགྲེལ་བ་ཉི་མའི་འོད་ཟེར་སོགས་རེ་ཞིག་གཏེར་དུ་སྦས་པ་རྗེས་སུ་བེེ་རོས་ཞུས་ཏེ་བསྒྱུར་བར་གྲགས། གངས་ཅན་སྨན་པའི་རྗེ་བོ་གཡུ་ཐོག་ཡོན་ཏན་མགོན་པོས་སྨན་གྱི་ཕྱག་ལེན་རྒྱ་ཆེར་གནང་བ་དང་ཆབས་ཅིག་སྐར་རྩིས་རི་བོ་རྡུལ་འབེབས། ནག་རྩིས་འཁོར་འདས་གཏན་འབེབས། འབྲས་རྩིས་ཤིང་རྟའི་སྲོལ་འབྱེད་སོགས་མཛད་ཅིང་སྨན་རྩིས་ཀྱི་སློབ་མ་མང་དུ་བསྐྱངས། དེའི་རྗེས་སུ་སྟོད་ཞང་ཞུང་ནས་གནུབས་བན་སངས་རྒྱས་ཡེ་ཤེས་ཞེས་པ་སྐར་རྩིས་ལ་ཤིན་ཏུ་བྱུང་ཆུབ་པ་དེས་ཉི་མའི་གྲིབ་གཟུགས་ལ་ཞིབ་འཇུག་ཐེངས་མང་བྱས་ཏེ་དབྱར་དགུན་ཉི་ལྡོག་དང་། སྟོན་དཔྱིད་མཉམ་གཉིས་སོགས་བརྟག་པར་ཧ་ཅང་ཐིག་པའི་ཐིར་གྲིབ་བརྟག་ཚུལ་གསར་གཏོད་བྱས་པ་དེ་ནི་བོད་ཀྱི་སྐར་རྩིས་ལོ་རྒྱུས་ཐོག་དུས་ཚོད་དང་། ཉི་མ། སའི་གོ་ལའི་བར་གྱི་འབྲེལ་བ་རྟོགས་རྒྱུར་གསར་རྙེད་ཅིག་རེད། ཐུར་གྲིབ་བརྟག་ཐབས་འདིས་དུས་སྦྱོར་དང་ཁྱིམ་བཅུ་གཉིས་ཀྱི་གནས་ལུས། ཉིན་མཚན་གྱི་དུས་ཚོད་རིང་ཐུང་གང་ཡིན་བརྩི་ཐུབ་པར་མ་ཟད། ད་ལྟའང་རིག་པ་འདི་ལ་བརྟེན་ནས་ཆུ་ཚོད་འཁོར་ལོའི་དུས་ཚོད་དང་གཅིག་གྱུར་ཡོང་བར་རྟོགས་ཐུབ་པ་ནི་ཤིན་ཏུ་ངོ་མཚར་བའི་གནས་སོ། །འདི་དག་ནི་དུས་འཁོར་ལུགས་ཀྱི་སྐར་རྩིས་བོད་དུ་མ་དར་གོང་དུ་བོད་ཀྱི་སྐར་རྩིས་རིག་པ་དར་ཚུལ་ཙམ་མོ།   །
གཉིས་པ། དུས་འཁོར་ལུགས་ཀྱི་རྩིས་རིག་བོད་དུ་དར་ཚུལ།

005.jpg

༡  སྟོན་པས་དུས་འཁོར་གསུངས་ཤིང་ཆོས་རྒྱལ་རིགས་ལྡན་རྣམས་ལ་བརྒྱུད་ཚུལ།
སྟོན་པ་ཤྭཀྱ་ཐུབ་པ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་འཛམ་གླིང་སྟེང་བཞེད་པ་མི་འདྲ་བ་དྲུག་ཅུ་ལྷག་ཡོད་པར་གྲགས་ཤིང་། བོད་འདིར་ཡང་བརྩི་སྲོལ་མི་འདྲ་བ་ཉི་ཤུ་ཙམ་འདུག་པ་ལས་གཙོ་བོ་ཕུག་ལུགས་དང་། བུ་ལུགས། ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས། གནས་བརྟན་སྡེ་བའི་ལུགས་བཞི་གྲགས་ཆེ། དེ་དག་གིས་སྟོན་པ་དགུང་ལོ་ཉེར་དགུའི་བར་དུ་ཁབ་ཏུ་བཞུགས་པ་དང་། ལོ་དྲུག་ལ་དཀའ་བ་སྤྱད་པ། དགུང་ལོ་སོ་ལྔ་པར་སངས་རྒྱས་པ། གྱ་གཅིག་པར་མྱ་ངན་ལས་འདས་པ་རྣམས་ཕལ་ཆེར་མཐུན་པར་སྣང་། འདིར་ཕུག་ལུགས་ཀྱི་རྗེས་སུ་འབྲངས་ཏེ་ཅུང་ཟད་བརྗོད་ན། སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ལྕགས་སྤྲེལ་(སྤྱི་ལོའི་སྔོན༩༦༡)ལོར་སྐུ་བལྟམས། ཤིང་རྟ(སྤྱི་ལོའི་སྔོན༩༢༧)ལོར་མངོན་པར་རྫོགས་པར་སངས་རྒྱས། གྱ་གཅིག་པ་དཔའ་བོ་ལྕགས་འབྲུག(སྤྱི་ལོའི་སྔོན༨༨༡)ལོའི་ནག་ཟླའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། འཁོར་དག་པ་ཤམ་བྷ་ལ་ཡི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ཀྱིས་ཞུས་ངོར། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་པ་བསྟན་པར་མཛད། དེ་ནས་ཟླ་གཅིག་འདས་པ་ས་གའི་ཉར་མྱ་ངན་ལས་འདས་སོ།། དེའི་ཕྱི་ལོ་ལྕགས་སྦྲུལ་ལ་ཆོས་རྒྱལ་ཟླ་བཟང་གིས་རྩ་རྒྱུད་བསྡུས་ཤིང་ཤམ་བྷ་ལའི་ཡུལ་དུ་གླེགས་བམ་ལ་བྲིས། དེ་ཉིད་འགྲེལ་བ་སྟོང་ཕྲག་དྲུག་ཅུ་པས་བཀྲལ་བ་དང་བཅས་པ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སྐལ་ལྡན་ལ་དབང་བསྐུར་ཏེ་རྒྱུད་ལེགས་པར་བསྟན། མྰ་ལ་ཡའི་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་གྱི་བློས་བསླངས་བཞེངས་ཏེ་སྤྲུལ་བའི་བཀོད་པ་བསྡུས། དེ་ནས་ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་རྣམས་ཀྱིས་ལོ་བརྒྱ་རེར་རྒྱུད་བསྟན་པ་དང་། དེ་རྣམས་ལ་ཆོས་རྒྱལ་བདུན་ཞེས་གྲགས་སོ།།
དེ་ནས་རིགས་ལྡན་གྲགས་པས་ལོ་བརྒྱའི་བར་དུ་རྩ་བའི་རྒྱུད་ཀྱི་ཆོས་བསྟན་པ་རྫོགས་མཐའི་ཤིང་བྱ(སྤྱི་ལོའི་སྔོན༡༧༧)ལོའི་ནག་པའི་ཉར་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ཏེ་རིགས་བཞི་པོ་རྡོ་རྗེའི་རིགས་གཅིག་ཏུ་མཛད་པས་རིགས་ལྡན་ཞེས་གྲགས། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཡི་གེ་ཉེར་གཅིག་པ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་སྟོང་དང་སུམ་ཅུ་ལེའུ་ལྔའི་བདག་ཉིད་ཅན་དུ་བསྡུ་བར་མཛད་དེ་གཤེགས་སོ། །དེ་རྗེས་རིགས་ལྡན་པདྨ་དཀར་པོ་སེང་ཁྲིར་འཁོད་དེ། བསྡུད་རྒྱུད་ཀྱི་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་བརྩམས་པར་མཛད་དོ། ། དེ་ནས་བཟུང་སྟེ་རིམ་པར་རིགས་ལྡན་བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། རིན་ཆེན་ཕྱག  ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་བཅས་ཀྱིས་ཀྱང་ལོ་བརྒྱ་བརྒྱ་བར་དུ་བསྡུས་རྒྱུད་བསྟན། དེའི་ཤིང་སྦྲེལ(སྤྱི་ལོ༦༢༤)ལོར་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པ་དང་། མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་པ། མེ་མཁའ་རྒྱ་མཚོའི་འདས་ལོ་ཚུགས་པ་གསུམ་དུས་མཉམ། འདི་བ་ལོ་བརྒྱ་དང་གྱ་གཉིས་བར་དུ་ཁྲིར་བཞུགས། དེའི་རྗེས་མེ་ཁྱི(སྤྱི་ལོ༨༠༦)ལོར་རིགས་ལྡན་རྒྱལ་དཀའ་ཁྲིར་འཁོད་པ་དང་རང་ལུགས་ཀྱི་ཉུང་ངུའི་བྱེད་པ་འདི་སྦྱོར་བ་མཛད་པས་དེ་ནས་བརྩམས་ཏེ་ལོ་ཉིས་བརྒྱ་ཉེར་གཅིག་གི་བར་དུ་ཆོས་བསྟན་པ་རྫོགས་མཐའ་ནི་ཟད་པ་མེ་སྟག་(སྤྱི་ལོའི་སྔོན༡༠༢༦)གི་ལོ་ཡིན་ནོ།  ། དེས་ན་མ་ཁར་ཀླ་ཀློ་ཞུགས་པ་དང་། རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པའི་ཤིང་སྤྲེལ་ནས་རྒྱལ་དཀའ་གཤེགས་པའི་མེ་སྟག་ཡན་ལ་ལོ་བཞི་བརྒྱ་དང་གསུམ་ཡོད་པས་མེ་མཁའ་རྒྱ་མཚོ་ཞེས་གྲགས་སོ །། དེའི་འོག་རབ་གཟུགས་མེ་ཡོས་(སྤྱི་ལོའི་སྔོན༡༠༢༧)ནས་རིགས་ལྡན་ཉི་མ།  སྣ་ཚོགས་གཟུགས། ཟླ་བའི་འོད།  མཐའ་ཡས།  ས་སྐྱོང་།  དཔལ་སྐྱོང་།  སེང་གེ།  རྣམ་གནོན།     སྟོབས་པོ་ཆེ་རྣམས་ཀྱིས་ལོ་བརྒྱ་བརྒྱ་རེར་རྒྱུད་བསྟན།  ད་ལྟ་རིགས་ལྡན་མ་འགག་པ་ཁྲིར་ཕེབས་ཡོད་ལ། མ་འོངས་པར་མིའི་སེང་གེ། དབང་ཕྱུག་ཆེན་པོ། མཐའ་ཡས་རྣམ་རྒྱལ། དྲག་པོ་འཁོར་ལོ་ཅན་རྣམས་ཀྱིས་ཀྱང་ལོ་བརྒྱ་རེར་ཆོས་སྟོན་པར་འགྱུར་རོ།  །
༢      དུས་འཁོར་འཕགས་ཡུལ་དུ་དར་ཚུལ།
འཕགས་ཡལ་དུ་དར་ཚུལ་ནི། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཙི་ལུ་པ་དང་། དུས་འཁོར་ཞབས་ཡབ་སྲས་ཀྱི་ཤམ་བྷ་ལ་ཡི་རིགས་ལྡན་ལས་གསན་ཏེ་སྤྱན་དྲངས་པར་བཤད། དེ་ལའང་རྭ་པའི་ལུགས་དང་འབྲོ་བའི་ལུགས་གཉིས་ཡོད་པ་ལས་དང་པོ་ལྟར་ན། སློབ་དཔོན་ཙི་ལི་པཎ་ཆེན་གྱིས་ཡི་དམ་གྱི་ལུང་བསྟན་ལྟར་ཤམ་བྷ་ལར་བགྲོད་པའི་ལམ་དུ་འཇམ་དཔལ་གྱི་སྤྲུལ་པ་དང་མཇལ་ཏེ། ཆོས་འདིའི་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་བྱིན་གྱིས་བརླབས་པས་ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་མ་ལུས་པ་ཁོང་དུ་ཆུད། སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ཏེ་པིནྡྲ་ཨྰ་ཙརྱ་ལ་གསུངས་པའི་ལུགས་གཅིག་དང་། ཡང་ཙི་ལུ་པཎ་ཆེན་གྱི་ཕ་རྣལ་འབྱོར་བ་རྫུ་འཕྲུལ་དང་ལྡན་པ་དེས་ཤམ་བྷ་ལར་ཁྲིད་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་དགེ་སློང་ཞིག་དང་མཇལ་ཏེ་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤོ་ལོ་ཀ་སྟོང་ཟིན་པར་གྱུར་ཏེ་རྒྱུད་འགྲེལ་ཐམས་ཅད་ཐུགས་ལ་བཟུང་སྟེ་རྒྱ་གར་དུ་བྱོན་ནས་རིམ་གྱིས་སྤེལ་བར་བཤད། འབྲོ་བའི་ལུགས་ལ་སློབ་དཔོན་དུས་ཞབས་པ་ཆེན་པོ་དེ་ཉིད་ཆུང་དུས་ནས་རབ་ཏུ་བྱུང་སྟེ་རིག་པའི་གནས་མཐའ་དག་དང་མདོ་རྒྱུད་བསྟན་བཅོས་ཀུན་ལ་སློབ་གཉེར་ལེགས་པར་ཚར་བས་ཀྱང་ཐུགས་མ་ཚིམ། བྱང་ཕྱོགས་ན་བྱུང་ཆུབ་སེམས་དཔས་དངོས་སུ་ཆོས་སྟོན་པ་ཡོད་པར་ཐོས་ནས་བྱོན། ལམ་བར་དུ་རིགས་ལྡན་དཔལ་སྐྱོང་དང་མཇལ་ནས་དབང་རྒྱུད་སེམས་འགྲེལ་དང་བཅས་པ་ཆ་ཚང་བ་ཞུས། སེམས་འགྲེལ་སྐོར་གསུམ་སོགས་ཐུགས་ལ་བཟུང་ནས་ཕྱིར་རྒྱ་གར་དུ་ལོག་ནས་དར་བར་བྱས། དེས་དུས་ཞབས་པ་ཆུང་བའམ་ནྰ་ལེནྡྲ་པར་གྲགས་པ་དང་། དེས་ཁ་ཆེ་བ་ཟླ་བ་མགོན་པོ་སོགས་ལ་བརྒྱུད་པའི་སློབ་མ་རིམ་གྱིས་བྱུང་ངོ་།།
དེ་ལྟར་རྒྱ་གར་ཡུལ་དུ་དུས་འཁོར་གྱི་རྒྱུད་ནམ་ཚོད་སྤྱན་དྲངས་པའི་ལོ་ཚིགས་ངེས་གཏན་དཀའ་ཡང་། མཁས་པ་ཕལ་ཆེར་བས་བོད་དུ་རབ་བྱུང་མ་ཚུགས་གོང་གི་མེ་ཡོས་(སྤྱི་ལོ༩༦༧)ཡིན་པར་འདོད། སྐབས་འདིའི་སེམས་འགྲེལ་སྐོར་གསུམ་ནི། རྒྱལ་སྲས་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་རྩ་རྒྱུད་བསྡུས་པ་ལ་ལེའུ་ལྔ་བཅུ་ཡོད་པའི་ལེའུ་དང་པོ་དུས་འཁོར་ལུགས་སུ་འགྲེལ་བ་ཕྱག་རྡོར་སྟོད་འགྲེལ་དང་། རྒྱས་སྲས་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེ་རྡོར་རྩ་རྒྱུད་བརྟག་གཉིས་དུས་འཁོར་ལུགས་སུ་འགྲེལ་བ་རྡོ་རྗེ་སྙིང་འགྲེལ། རིགས་ལྡན་པདྨ་དཀར་པོས་མཛད་པའི་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་དང་གསུམ་མོ།།
༣      དུས་འཁོར་ལུགས་བོད་ཡུལ་དུ་བསྒྱུར་ཅིང་སྐར་རྩིས་དར་ཚུལ།
དུས་འཁོར་རྒྱུད་འགྲེལ་བོད་དུ་ཐོག་མར་དར་བའི་དུས་ཚོད་ལའང་བཤད་སྲོལ་མི་འདྲ་བ་ཡོད། མཁས་པ་ཕལ་ཆེ་བས་རབ་བྱུང་དང་པོའི་མེ་ཡོས་(སྤྱི་ལོ༡༠༢༧)ལོ་ནས་བོད་དུ་བསྒྱུར་བར་གྲགས། འགྱུར་ཐམས་ཅད་ཀྱི་ཐོག་མ་ནི་གྱི་ཇོ་ལོ་ཙྰ་བ་ཟླ་བའི་འོད་ཟེར་གྱི་འགྱུར་རམ་འགྱུར་མངས་སུ་གྲགས་པ་དེ་ཡིན་ལ། དེ་ནས་བཟུང་རིམ་གྱིས་རྨ་དགེ་བློའི་འགྱུར་སོགས་རྒྱུད་ཀྱི་འགྱུར་མགོ་ཉེར་ལྔ་ཙམ་བྱུང་འདུག་པས་དུས་འཁོར་འགྱུར་བརྒྱ། རྣམ་འགྲེལ་ལུགས་བརྒྱ་ཞེས་སུ་གྲགས་པ་བྱུང་། དེ་དག་ཐམས་ཅད་ཀྱི་ནང་ནས་ཤོང་འགྱུར་ཉིད་མཆོག་ཏུ་དགོངས་ཏེ་བུ་སྟོན་རིན་པོ་ཆེ་སོགས་ཀྱི་བཤད་པ་ཐམས་ཅད་འགྱུར་འདིའི་སྟེང་ནས་མཛད་དོ། ། དེ་ལྟར་རྭ་འབྲོ་ཤོང་སོགས་ལོ་ཙྰ་བ་རྣམས་ཀྱིས་སྐུ་དྲིན་ལས་དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་གཅིག་སྟེ་དབང་མདོར་བསྟན་ལས་མ་བསྒྱུར། བསྡུས་རྒྱུད་ཡོངས་རྫོགས་དང་འགྲེལ་ཆེན་དྲི་མེད་འོད། དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བའི་རྩིས་ཀྱི་བསྟན་བཅོས། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག ཉི་ཟླ་འཛིན་པའི་རྩིས། གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག  སེམས་འགྲེལ་སྐོར་གསུམ། སྟག་སྣའི་རྟོགས་བརྗོད། ཉི་མའི་སྙིང་བོའི་མདོ་སོགས་བསྒྱུར་བ་ནས་བཟུང་རིམ་གྱིས་དར་རོ།   །
རབ་བྱུང་ལྔ་བའི་ས་རྟ་(སྤྱི་ལོ༡༣༡༨)ལོར་ཀརྨ་རང་བྱུང་རྡོ་རྗེས་བསྡུས་རྒྱུད་འཇིག་རྟེན་ཁམས་ལེའུ་ཚིག་རྣམས་གོ་བདེ་བའི་སླད་དུ་བདུན་ཚིག་ཏུ་བཀྲལ།   རྒྱུད་ལས་མ་བཀག་པའི་རྩིས་ཉེ་བར་མཁོ་བ་འགའ་ཞིག་ཀྱང་བསྣན་ཏེ་རྩིས་ཀུན་བཏུས་པ་ཞེས་པའི་བསྟན་བཅོས་མཛད་པ་དང་། མེ་སྟག་(སྤྱི་ལོ༡༣༢༦)ལོར་བུ་སྟོན་རིན་ཆེན་གྲུབ་ཀྱིས་རྩིས་གཞུང་མཁས་པ་དགའ་བྱེད་བརྩམས་ཏེ་ལྔ་བསྡུས་དང་གཟའ་ལྔ།   ཞག་གསུམ་བརྩི་ཚུལ།   ཉི་ཟླ་སྒྲིབ་རྩིས།   དུས་བཞི་འཁོར་ཚུལ་སོགས་གསལ་བོར་གཏན་ལ་ཕབ་པ་དང་།     ཁོང་གིས་རྩིས་ཀྱི་རི་མོ་བྲིས་ནས་ལྕགས་ཐུར་བཅུ་གསུམ་ཟད་ཅེས་ཞལ་རྒྱུན་ལ་གྲགས།    དེའི་རྗེས་སུ་རབ་བྱུང་བདུན་པའི་ཤིང་སྟག་(སྤྱི་ལོ༡༤༣༤)ལོར་མཁས་གྲུབ་ཐམས་ཅད་མཁྱེན་པས་དུས་འཁོར་ཊཱིཀ་ཆེན་དེ་ཁོ་ན་ཉིད་སྣང་བ་བརྩམས།   འདི་པོད་བཞི་ཡོད་པ་ལས་དབང་ལེའུ་ཚིགས་བཅད་བཅོ་བརྒྱད་པ་མན་དང་།   སྒྲུབ་ཐབས་ལེའུ།  ཡེ་ཤེས་ལེའུའི་འགྲེལ་བཤད་རྣམས་རྩོམ་འཕྲོར་ལུས་པར་ཞལ་སློབ་ཞང་ཞུང་ཆོས་དབང་གྲགས་པ་དང་གཡག་སྡེ་བློ་གྲོས་ཆོས་སྐྱོང་གཉིས་ཀྱིས་སོ་སོར་ཁ་བསྐངས་པ་ཡིན། ཆུ་ལུག་ལོར་འགོས་ལོ་ཡིད་བཟང་རྩེ་བས་རྩིས་གཞུང་འཁྲུལ་སེལ་བརྩམས་སོ།    །
ཁྱད་པར་དུ་སྐར་རྩིས་རིག་པ་ལ་མཆོག་ཏུ་མཁས་པའི་རྒྱ་མཚོ་རྣམ་གསུམ་ལས།  ཕུག་པ་ལྷུན་གྲུབ་རྒྱ་མཚོས་རབ་བྱུང་བརྒྱད་པའི་མེ་ཡོས་(སྤྱི་ལོ༡༤༤༧)ལོར་རྩིས་གཞུང་པད་དཀར་ཞལ་ལུང་མ་བུ་མཛད་པར་བརྟེན་ཕུག་ལུགས་ཞེས་གྲགས་པ་འདི་བྱུང་། གཞན་ཡང་ཆུ་མིག་ཀླུ་མཚོའི་རེའུ་མིག་སོགས་རེའུ་མིག་གི་སྐོར་མང་པོ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན།  པད་དཀར་ཞལ་ལུང་ལྷན་ཐབས་རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ་སོགས་མཛད་པ་དང་། རྩིས་ཐང་བསམ་གཏན་གླིང་དུ་ཐུར་གྲུབ་གྲིབ་བཙུགས་ཏེ་དུས་སྦྱོར་བརྟག་པའི་སྲོལ་ཡང་རྒྱ་ཆེར་ཕྱེས་སོ།   །དཔའ་བོ་གཙུག་ལག་ཕྲེང་བས་རབ་བྱུང་དགུ་བའི་མེ་སྤྲེལ་(སྤྱི་ལོ༡༥༣༦)ལོར་རྩིས་ཀུན་བཏུས་པའི་རྒྱས་འགྲེལ་རིན་ཆེན་གཏེར་མཛོད་དང་། རབ་ཉི་མེ་ཡོས་(སྤྱི་ལོ༡༦༨༧)ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བེེ་དཀར་མ་བུ་བརྩམས་པ་དང་། དེ་ལ་ལི་འགོ་བླ་མཁྱེན་ངག་དབང་གིས་དོགས་གནས་ཀྱི་དྲི་བ་ཉིས་བརྒྱ་དང་བརྒྱད་ཕུལ་བ་ལ་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་མཛད། ཤིང་རྟ་(སྤྱི་ལོ༡༧༡༤)ལོར་སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་རྩིས་གཞུང་ཉིན་བྱེད་སྣང་བ་དང་།   དེའི་བུ་ཡིག་ངོ་མཚར་ཕྲེང་བ།    རང་འགྲེལ་གསེར་གྱི་ཤིང་རྟ།   སྐར་རྩིས་ཀྱི་སྤྱི་དོན་སོགས་མཛད། དེ་ལྟར་བེེ་དཀར་དང་ཉི་སྣང་གཉིས་ནི་གངས་ཅན་རྩིས་རམས་པ་རྣམས་ཀྱིས་ལག་ལེན་གྱི་ཁུངས་གཏུགས་ས་ཉིད་དུ་གྱུར་ཡོད་དོ།   །
དེའི་རྗེས་རབ་འདོད་མེ་ཡོས་(སྤྱི་ལོ༡༧༤༧)ལོར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་དགེ་ལྡན་རྩིས་གསར་མ་བུ་དང་། དེའི་རྗེས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་རྩིས་གཞུང་མཁས་པའི་སྙིང་ནོར་དང་དེའི་ལག་ཆ་རིན་ཆེན་སིལ་མ། ཤིང་བཟའ་ཧོ་ཐོག་ཐུའི་ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་རིགས་ལྡན་སྙིང་ཐིག ཀོང་སྤྲུལ་ཡོན་ཏ་རྒྱ་མཚོས་རྩིས་ཀྱི་ལེགས་བཤད་ཀུན་འདུས། བྲག་དགོན་པས་རིགས་ལྡན་མཆོད་པའི་འོད་སྣང་། གསེར་ཏོག་གིས་དགེ་ལྡན་རྩིས་གསར་བླང་དོར་གསལ་བའི་སྣང་མཛོད།  རང་འགྲེལ་ཆུ་འཐུང་ཕོད་འབར།  དེའི་རེའུ་མིག་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ། བླ་སྨན་མཁྱེན་རབ་ནོར་བུས་རབ་རྒྱལ་མེ་ཡོས་(སྤྱི་ལོ༡༩༢༧)ལོར་རིགས་ལྡན་སྙིང་ཐིག་རྩིས་འགོ་སྤོས་པ་དང་། རོང་པོ་བདེ་ཆེན་སྤྲུལ་སྐུ་བློ་བཟང་ཆོས་འཕེལ་རྒྱ་མཚོས་རྩིས་གཞུང་ཤེས་ལྡན་་ཡིད་ཀྱི་དགའ་སྟོན། མཁས་དབང་ཚེ་ཏན་ཞབས་དྲུང་གིས་མགྱོགས་རྩིས་མིའུ་ཐུང་སྒྱུ་མའི་གོམ་འགྲོས། དམུ་དགེ་བསམ་གཏན་གྱི་རིགས་ལྡན་མཆོད་པའི་མེ་ཏོག མཁས་དབང་བསམ་འགྲུབ་རྒྱ་མཚོས་སྐར་རྩིས་ཀུན་འདུས་ནོར་བུ། བོད་ལྗོངས་སྨན་རྩིས་ཁང་གིས་རིགས་ལྡན་འཛུམ་ཟེར་དང་། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ། སྨད་སོག་ཨ་ཁུ་བཛྲ་གྱིས་ཕུག་ལུགས་རྩིས་ཀྱི་ལེགས་བཤད་རིགས་ལྡན་ཞལ་ལུང་། རབ་འབྱམས་པ་ངག་དབང་ཀུན་བཟང་གིས་རྩིས་རིག་བློ་གསལ་འཇུག་ངོགས། དཀོན་མཆོག་ཤེས་རབ་ཀྱིས་དགེ་ལྡན་རྩིས་ཀྱི་བསྟན་བཅོས་དཔག་བསམ་ལྗོན་པ་སོགས་མཛད་པ་ལ་བརྟེན་ནས་གངས་ཅན་གྱི་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་དར་རོ།    །
གསུམ་པ།    བོད་ཀྱི་སྐར་རྩིས་རིག་པའི་བརྗོད་བྱའི་སྐོར།
སྤྱིར་སྐར་རྩིས་ལ་སྦྱོང་བའི་ཚེ་ས་རིས་དང་ངེས་པར་དུ་འགྲོགས་ཏེ་རི་མོའི་ལག་ལེན་དང་སྦྲེལ་ཏེ་སྦྱངས་དགོས་ལ། དེ་ལྟ་མིན་པར་གོ་དོན་དཔྱིས་ཕྱིན་པ་ལྟ་ཞོག་སྤྱི་ཁོག་ཙམ་ཡང་རྟོགས་དཀའོ། ། འོན་ཀྱང་འདིར་གཞུང་གྱི་སྤྱི་ཁོག་གམ་རྨང་གཞིའི་ཤེས་བྱ་ཐོར་བུ་འགའ་ཚིག་ཉུང་ངུས་བརྗོད་པར་བྱ་བ་ལ།

003.jpg

༡   ལོ་ཟླ་ཞག་དུས་ཀྱི་རྣམ་གཞག
ལོ་ཞེས་པ་ནི། རྩིས་གཞུང་ལས། ཉི་མས་ཁྱིམ་ཟླ་བཅུ་གཉིས་པོ།  ། བགྲོད་ཡུན་དུས་བཞི་རྫོགས་པ་ལ།   ། ལོ་གཅིག་ཅེས་པའི་ཐ་སྙད་བཏགས།  ། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཉི་མ་འགྲོ་ལྡོག་གཉིས་ལ་ནི།། ལོ་གཅིག་ཅེས་ནི་བརྗོད་པ་ཡིན། ། ། ཞེས་སོགས་མཐུན་པར་དུས་ཀྱི་བདག་པོ་ཉི་མ་རང་འགྲོས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་རྫོགས་པར་འཁོར་བ་དང་།   ས་ལ་དུས་བཞི་དུས་དྲུག་ཟླ་བ་བཅུ་གཉིས་ཀྱི་འཁོར་ལོ་རྫོགས་པར་འཆར་བ་ལ་ལོ་གཅིག་ཅེས་པའི་ཐ་སྙད་བཏགས་སོ།  ། ལོ་ཡི་རིང་ཐུང་གི་ཚད་ནི་ཞག་གསུམ་སོ་སོའི་དབང་དུ་བྱས་ན་ཁྱིམ་ཞག་༣༦༠དང་།     ཉིན་ཞག་༣༦༥དང་མིག་ཀླུ་མེ་སྐྱོན་གྱི་ཆ་༤༩༧༥     ཚེས་ཞག༣༧༡དང་འདོད་ཆ་༡བཅས་ཡིན་ནོ།     །
ཟླ་བ་ཞེས་པ་ནི། ཟླ་བའི་སྐར་ཆ་འཕེལ་དང་འགྲིབ། ། བཅོ་ལྔ་རེ་སྟེ་ཞག་སུམ་ཅུར། ། ལོངས་ཚེ་ཟླ་བའི་ཐ་སྙད་བཏགས། ། །ཞེས་གསུངས་པ་ལྟར། ཟླ་བའི་སྐར་ཆ་དང་པོ་ནས་བཅོ་ལྔའི་བར་འཕེལ་བ་དང་། དམར་ཆའམ་ནག་ཆ་དང་པོ་ནས་བཅོ་ལྔའི་བར་འགྲིབ་པ་བསྡོམས་པའི་ཆ་ཚེས་ཞག་སུམ་ཅུར་ལོངས་པ་ལ་བཏགས་ནས་ནམ་མཁའི་ཟླ་བ་ལ་བརྟེན་ནས་དུས་ཀྱི་ཟླ་བའི་ཐ་སྙད་བྱུང་བ་ཡིན་ནོ།   །
ཞག་ནི། ཉི་མ་སྣང་བའི་ཆ་ནས་ཉིན་དང་ནུབ་པའི་ཆ་ནས་མཚན་ཞེས་ཉིན་མཚན་བསྡོམས་པའི་ཆ་ལ་བཏགས་པའོ། ། དེ་ཡང་ཞག་གསུམ་ལས་ཉིན་ཞག་ལ་ངོས་འཛིན་དགོས་ཤིང་། དེའི་རིང་ཐུང་གི་ཚད་ནི། ཇི་སྐད་དུ། དེ་ཡང་མི་ཡི་སྐྱེས་བུ་གང་།  ། དར་བབས་རང་བཞིན་ནད་མེད་དབུགས།  ། འབྱུང་གནས་རྔུབ་པ་གཅིག་བྱས་པ།  ། དེ་ཉིད་རྩི་གཞི་རྩ་བར་གཟུང་། །  ཞེས་གསུངས་པ་ལྟར་སྐྱེས་བུ་དར་མ་ཁམས་སྙོམས་པ་མ་འཁྲུགས་ཤིང་མ་ངལ་བ། རླུང་བཟུང་བ་སོགས་ཀྱིས་མ་བཅོས་རང་བབ་ཏུ་བཞག་པའི་དབུགས་ཁུག་པ་གཅིག་གི་ཡུན་ཚད་རྩི་གཞིར་བཟུང་སྟེ་དེ་ལྟ་བུའི་དབུགས་དྲུག་ལ་ཆུ་སྲང་གཅིག  ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུ་སྟེ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡུན་ནི་ཉིན་ཞག་གཅིག་གི་ཚད་ཡིན། དེ་ཡང་སྟོན་དཔྱིད་མཉམ་པའི་དུས་སུ་ཉིན་ཚད་དང་མཚན་ཚད་གཉིས་་ཆུ་ཚོད་སུམ་ཅུར་མཉམ་ཞིང་། དུས་གཞན་རྣམས་སུ་རིམ་གྱིས་འཕེལ་འགྲིབ་བྱས་པའི་དབང་གིས་ཉིན་ཚད་རིང་མཐའ་དབྱར་ཉི་ལྡོག་དང་མཚན་ཚད་རིང་མཐའ་དགུན་ཉི་ལྡོག་གི་སྐབས་སུ་འབྱུང་བ་ཡིན་ནོ། ། དེ་ཡང་ལག་ལེན་དངོས་ཀྱི་སྐབས་སུ་ལོ་ལ་ཁྱིམ་ལོ་དང་།     ཟླ་བ་ལ་ཚེས་ཟླ།    ཞག་ལ་ཉིན་ཞག་དབང་བཙན་པའི་ཁྱད་པར་ཡང་ཤེས་པར་བྱའོ།    །
       དུས་ནི།  སྐར་རྩིས་ཀྱི་སྐབས་སུ་དུས་བརྩི་བ་ལ་ཆུ་ཚོད་ཀྱི་ཐ་སྙད་སྦྱོར་ཞིང་། དེ་ལ་དུས་ཀྱི་ཆུ་ཚོད་དང་ཡུལ་གྱི་ཆུ་ཚོད་གཉིས་ཡོད།  དུས་ཀྱི་ཆུ་ཚོད་ཅེས་པ་ནི།   གོང་དུ་བཤད་ཟིན་ལྟར་སྐྱེས་བུ་ནད་མེད་པའི་དབུགས་ཁུག་པ་གཅིག་རྩི་གཞིར་བྱས་ཏེ་དྲུག་ཏུ་ལོངས་པ་ཆུ་སྲང་དང་། དེ་དྲུག་ཅུ་ལོངས་པ་ལ་ཆུ་ཚོད་ཅེས་བྱ་ཞིང་དུས་ཀྱི་ཆུ་ཚོད་ཉིད་དོ། ། ཡུལ་གྱི་ཆུ་ཚོད་ཅེས་པ་ནི།  རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི། ། སྐར་མ་རེ་རེའི་ས་ཁྱོན་ནི། ། ཆ་སྙོམས་དྲུག་ཅུར་བྱས་པ་ལ།  ། ཡུལ་གྱི་ཆུ་ཚོད་ཅེས་སུ་བཏགས།   ། ཞེས་གསུངས་པ་ལྟར།         གྲོ་བཞིན་བྱི་བཞིན་གཉིས་གཅིག་ཏུ་བསྡོམས་པའི་རྒྱུ་སྐར་ཉེར་བདུན་གྱི་སྐར་ཁོངས་རེ་རེིའི་ས་ཁྱོན་ལ་ཆུ་ཚོད་དྲུག་ཅུ་རེ་བྱས་ནས་ཁྱོན་བསྡོམས་ཆུ་ཚོད་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་བའི་ཆུ་ཚོད་དེ་ལ་ནི་ཡུལ་གྱི་ཆུ་ཚོད་ཅེས་བརྗོད་པ་ཡིན།    དེ་ཡང་ཡུལ་ལམ་གཞི་གང་ལ་ལོངས་སུ་སྤྱད་པར་བྱ་བའི་ཚད་སྟོན་ཕྱིར་ཡུལ་དུས་ཀྱི་ཆུ་ཚོད་ཆུ་སྲང་དབུགས་ཆ་རྣམས་མིང་འདྲ་ཡང་དོན་གཏན་ནས་མི་འདྲ་སྟེ།    དུས་ཀྱི་ཆུ་ཚོད་སོགས་ནི་དུས་འཇལ་བྱེད་ཡིན་པ་དང་།   ཡུལ་གྱི་ཆུ་ཚོད་ནི་ཡུལ་ལམ་གོ་ལའི་ཁྱོན་འཇལ་བྱེད་ཡིན་པས་དཔག་ཚད་སོགས་ཀྱིས་གཞལ་བྱ་ཡིན་ནོ། །
༢      ལྔ་སྒྲ་གཟའ་ལྔ།
ལྔ་བསྡུས་ནི་རྩིས་གཞུང་ལས། གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། ། ཡན་ལག་ལྔའམ་ལྔ་བསྡུས་ཞེས། ། སྐར་རྩིས་པ་ལ་རླུང་ལྟར་གྲགས། ། ཞེས་གསུངས་པའི་གཟའ་ནི་གཟའ་དག་པ་སྟེ།   དེའི་གཟའི་གནས་སུ་གང་ཤར་ནི་ཉིན་དེའི་ནམ་ལངས་ཚུན་ཆད་ནས་སང་གི་ནམ་ལངས་བར་གྱི་རེས་ལ་འཆར་བའི་གཟའི་གྲངས་ཡིན་པས་གཟའ་དང་ཉིན་མཚན་མཉམ་ཞིང་།  འཕོ་མཚམས་ཀྱང་མཚན་མོ་རྫོགས་ཙ་ན་འཕོ་བ་ཡིན་ནོ། ། དེའི་ལོངས་སྤྱོད་ཀྱི་གནས་སུ་ཆུ་ཚོད་ཆུ་སྲང་སོགས་གང་ཤར་ནི་ནམ་བརྩིའི་ཚེས་གྲངས་གང་ཡིན་པ་དེའི་ནམ་ལངས་ཕན་ཆད་ལ་སྤྱད་ཟན་པའི་ལྷག་མ་རྣམས་འཆར་བ་ཡིན་པས་དེ་རྣམས་རྫོགས་པ་ན་ཚེས་འཕོ་བ་ཡིན།  དེས་ན་གཟའ་དག་པའི་ལོངས་སྤྱོད་ཀྱི་གནས་སུ་གང་ཤར་བ་ནི་མ་འོངས་པ་ན་སྤྱོད་རྒྱུའི་ལོངས་སྤྱོད་ཉིད་དེ། གཞུང་ལས།   ལོངས་སྤྱོད་གནས་སུ་གང་ཤར་བ། ། ནམ་ལངས་ནས་བརྩམས་ཟད་པའི་ཚེ། ། དེ་རིང་ཚེས་རྫོགས་ཕྱི་མར་འཇུག   ། ཅེས་སོ། །
ཚེས་ནི་ཚེས་གྲངས་སྟེ། དགའ་བཟང་རྒྱལ་སྟོང་རྫོགས་པ་ལྔ་རེས་ཚེས་གཅིག་ནས་གནམ་གང་བར་དུ་ལན་དྲུག་ལ་འཁོར་བ་ལ་ཟེར་རོ། ། དཔེར་ན་ཚེས་གཅིག་དང་དྲུག་དང་བཅུ་གསུམ་ལ་རིམ་བཞིན་དཀར་ཕྱོགས་ཀྱི་དགའ་བ་དང་པོ། དགའ་བ་གཉིས་པ། དགའ་བ་གསུམ་པ་ཞེས་ཟེར། དེ་བཞིན་དུ་ཚེས་བཅུ་དྲུག་དང་ཉེར་གཅིག ཉེར་དྲུག་གསུམ་ལ་རིམ་བཞིན་དམར་ཕྱོགས་ཀྱི་དགའ་བ་དང་པོ། གཉིས་པ། གསུམ་པ་ཞེས་ཟེར། གཞན་རིགས་འགྲེ། ཚེས་གཅིག་ནས་བཅོ་ལྔའི་བར་ཟླ་བ་ཡར་ངོའམ་དཀར་ཕྱོགས་དང་།   ཚེས་བཅུ་དྲུག་ནས་སུམ་ཅུའི་བར་ཟླ་བ་མར་ངོའམ་དམར་ཕྱོགས་སམ་ནག་ཕྱོགས་ཀྱི་ཐ་སྙད་སྦྱོར་རོ།   །
སྐར་མ་ནི་རེས་འགྲོགས་ཟླ་སྐར་ཏེ། སྐར་མ་དེིའི་སྟེང་ཟླ་བ་རང་འགྲོས་ཀྱིས་ཉིན་ཞག་དེའི་ནམ་ལངས་ཕན་ཆད་ཀྱི་སྔ་མའི་ཞག་ལ་སྤྱད་ཟིན་པ་འཆར་བས་འདས་པ་ཡིན། དེ་ཡིས་མཁའ་རོར་ཕྲི་བའི་ལྷག་མ་ནི་ནམ་ལངས་ནས་བརྩམས་སྤྱོད་འགྱུར་འཆར་ཏེ། དེའི་ཡུན་སྡོད་ཅིང་དེ་རྫོགས་པ་དང་སྐར་མ་ཕྱི་མའི་སྟེང་དུ་འཕོ་བར་འགྱུར་བས་སྐར་གནས་སུ་སྐར་མ་གང་ཤར་བ་ནི་ཚེས་ལ་དབང་བའི་སྐར་མ་དངོས་ཡིན་པས་འབྲས་བཤད་སོགས་འདིར་བསྟུན་དགོས་སོ།   །
སྦྱོར་བ་ནི། རྩིས་གཞུང་ལས། ཉི་ཟླ་བསྲེས་པས་སྦྱོར་བ་འགྲུབ། ། ཅེས་པ་ལྟར་ཞག་དེའི་ཉི་མ་དག་་པ་ཡོངས་རྫོགས་དང་ཟླ་བ་དག་པ་ཡོངས་རྫོགས་བསྲེས་ནས་རང་རང་འཁོར་ལོའི་དྲིལ་བའི་ལྷག་མ་ནི་སྦྱོར་བའི་རི་མོར་འདོད་ལ། ལོངས་སྤྱོད་གནས་སུ་གང་ཤར་ནི་ནམ་ལངས་ཕན་ཆད་ལ་སྤྱད་ཟིན་པ་འཆར་ལ། སྦྱོར་བ་ལ་བརྟེན་ནས་བླང་དོར་ལུང་དུ་སྟོན་པ་ཡིན་ནོ།     །
བྱེད་པ་ནི། རྟག་པའི་བྱེད་པ་བཞི་དང་འཕོ་བའི་བྱེད་པ་བདུན་ཏེ་བཅུ་གཅིག་གོ། རྟག་པའི་བྱེད་པ་བཞི་ནི། ཚེས་གཅིག་གི་སྔ་ཆར་མི་སྡུག་པ་དང་། ཉེར་དགུའི་ཕྱི་ཆར་བཀྲ་ཤིས། གནམ་སྟོང་གི་སྔ་ཆར་རྐང་བཞིའམ་བཞི་མདོ། གནམ་སྟོང་ཕྱི་ཆར་བྱེད་པ་ཀླུ་སྟེ་བཞི་ཡིན་ཞིང་རྟག་ཏུ་ངེས་པས་ན་རྟག་པའི་བྱེད་པའམ་མི་འཕོ་བའི་བྱེད་པར་གསུངས་སོ། ། འཕོ་བའི་བྱེད་པ་བདུན་ནི་ཚེས་གཅིག་ཕྱི་ཆ་ནས་རིམ་བཞིན་གདབ་པ་དང་། བྱིས་པ། རིགས་ཅན། ཏིལ་རྡུང་། ཁྱིམ་སྐྱེས། ཚོང་བ། བིཤ་ཊི་སྟེ་བདུན་པོ་ཚེས་རེ་རེ་ཞིང་གཉིས་གཉིས་འཁོར་ཞིང་འཕོ་བས་ན་འཕོ་བྱེད་བདུན་ནོ། ། བྱེད་པའི་ལོངས་སྤྱོད་ནི་རྩིས་གཞུང་ལས། བྱེད་པ་རྐང་པར་བཅས་པ་ཡི། ། གང་བརྩིའི་ཚེས་ལོངས་དེ་དང་དེ། ། ཕྱེད་མར་གཏུབ་པའིི་ཆ་རེ་ནི། ། བྱེད་པ་རེ་ཡི་ལོངས་སྤྱོད་དོ། ། ཞེས་སོ། །
སྒྲ་གཅན་ནི་མགོ་བོ་བེེ་ཌྰུརྱ་དང་མཇུག་མ་མེའི་རང་བཞིན་ལུས་བྱིངས་ཤེལ་ལྟར་དྭངས་ཤིང་གསལ་བ། གོ་ལའི་ཁྱོན་ཕྱེད་ལ་ཁྱབ་པ་དང་། རྐང་པ་མེད་པས་འཕེལ་འགྲིབ་མེད་ཅིང་། མགྱོགས་བུལ་མེད་པས་རྟག་ཏུ་ནམ་གྲུ་ནས་ལུགས་ལྡོག་གིས་ལོངས་སྤྱོད་པའི་གཟའི་བྱེ་བྲག་ཅིག་ཡིན། མགོ་འཇུག་གཉིས་ཀྱི་ངེས་པ་ཉི་ཟླ་སྒྲིབ་པའི་སྐབས་སུ་ངེས་པར་མཁོ་བས་ཉ་སྟོང་གཉིས་སྒྲུབ་པའི་རྒྱུ་མཚན་ཡང་དེའོ། ། སྒྲ་གཅན་སྐར་མ་གང་གི་གནས་སུ་འགྲོ་བཞིན་པ་ངེས་བྱེད་ཀྱི་གཞིའི་ངེས་པ་ལ་སྒྲ་གཅན་རྩ་བ་ཞེས་དང་། རྩ་བའི་ལོངས་སྤྱོད་ཀྱིས་འཁོར་ལོ་ལ་སྦྱངས་ལྷག་སྒྲ་གཅན་གདོང་ཐ་སྐར་ནས་གཡོན་དུ་བསྐོར་བའི་སྐར་མ་གང་གི་སྟཆང་དུ་ཡོད་པ་རྟོགས། སྒྲ་གཅན་ལ་དལ་མྱུར་གྱི་རྐང་པ་མེད་ཅིང་རྟག་ལོངས་སྤྱོད་འབའ་ཞིག་ལ་སྤྱོད་པས་འགྲོས་བཞི་མེད་དོ། །
གཟའ་ལྔ་ནི། གཟའ་ལྔ་པོའི་ནང་ནས་མིག་དམར་དང་། ཕུར་བུ། སྤེན་པ་གསུམ་ཉ་མའི་གཡས་ཀྱི་ཡན་ལག་ཏུ་འགྱུར་བས་ན་དྲག་གཟའ་དང་། ལྷག་པ་དང་པ་སངས་གཉིས་ཉི་མའི་གཡོན་གྱི་ཡན་ལག་ཏུ་འགྱུར་བས་ན་ཞི་གཟའ་ཞེས་བྱའོ། ། ཚན་རིག་ལྟར་ན་ཡང་མིག་དམར་དང་། ཕུར་བུ། སྤེན་པ་གསུམ་གྱི་དཀྱིལ་འཁོར་སའི་དཀྱིལ་འཁོར་ལས་ཆེ་ཞིང་། དེ་དག་དང་ཉི་མའི་བར་ཐག་སའི་གོ་ལ་ལས་རིང་པས་བགྲོད་ལམ་སའི་གོ་ལའི་ཕྱི་རོལ་ཏུ་ཡོད་པས་ཕྱི་གཟའ། ལྷག་པ་དང་པ་སངས་གཉིས་དེ་ལས་ལྡོག་སྟེ། བགྲོད་ལམ་སའི་གོ་ལའི་ནང་རོལ་ཏུ་ཡོད་པས་ནང་གཟའ་ཟེར་ཞིང་། ཐ་སྙད་འདོགས་ཚུལ་ཙམ་ལས་དོན་འདྲའོ། །
ལག་ལེན་གྱི་སྐབས་སུ་གཟའ་ལྔའི་དལ་དག་དང་མྱུར་དག་རིམ་པ་གཉིས་ཀྱིས་བསྒྲུབས་ཏེ། དལ་དག་ནི། གཟའ་རྣམས་རང་རང་གི་སྐྱེས་སྐར་ལས་བརྩམས་ཏེ་རང་འགྲོས་ཀྱིས་སྐར་ཁྱིམ་ལ་ལོངས་སྤྱོད་པའི་སྟེང་ནས་དལ་བའི་རྐང་ལོངས་ཀྱིས་སྣོན་འཕྲི་བྱས་པ་ཡིན་ལ། མྱུར་དག་ནི། གཟའ་རྣམས་དལ་བའི་སྟེང་ནས་མགོ་བརྩམས་ཏེ། རང་འགྲོས་ཀྱི་རྐང་བའི་ལོངས་སྤྱོད་འཕེལ་འགྲིབ་རྣམས་ཀྱི་ནོར་དང་བུ་ལོན་སྤྱད་ཟིན་པ་དང་མཉམ་དུ། རང་རང་སྐྱེས་སྐར་དང་ཉི་མའི་སྟེང་དུ་འཛོམས་ཏེ་ལོངས་སྤྱོད་དག་པར་འགྱུར་བ་ཡིན་པར་བཤད་ཚུལ་འདི་དང་། དེང་གི་གནམ་རིག་དུ་གཟའ་རྣམས་རང་ཉིད་ཀྱི་བགྲོད་པ་དང་། ས་དཀྱིལ་སྤྱི་འགྲོས་ལས་བྱུང་བའི་སྣང་ཚོད་བར་ཁྱད་ཀྱི་བགྲོད་པ་གཉིས་བསྡོམས་ཏེ་གཟའ་རྣམས་སྣང་ཕྱོགས་ཀྱི་སེར་ལམ་དཀྱུས་ཞག་སྒྲུབ་ཚུལ་གོ་དོན་འདྲའོ།    །

001.jpg

༣      ཞག་གསུམ་རྣམ་དབྱེ།
སྤྱིར་ཞག་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ཁྱིམ་ཞག་དང་། ཉིན་ཞག ཚེས་ཞག་གསུམ་ཡོད་ལ། དེ་གསུམ་གྱི་ཡུན་ཚད་མི་མཉམ་སྟེ། ཁྱིམ་ཞག་ཡུན་རིང་། ཉིན་ཞག་ཡུན་འབྲིང་། ཚེས་ཞག་ཡུན་ཐུང་སྟེ། ཁྱིམ་ཞག་རེ་ལ་ཡུད་ཙམ་ཕྱེད་དང་སོ་གཅིག་ཅུང་མ་ལོངས་ཙམ་ཡོད། ཉིན་ཞག་རེ་ལ་ཡུད་ཙམ་སུམ་ཅུ་ཐམ་པ་ཡོད། ཚེས་ཞག་རེ་ལ་ཡུད་ཙམ་ཕྱེད་དང་སུམ་ཅུ་ཡོད། དེ་ཡང་ཁྱིམ་ཞག་དྲུག་ཅུ་རེ་ལྔ་དང་ཚེས་ཞག་རེ་བདུན་དོ་མཉམ་ལ། ཚེས་ཞག་རེ་བཞི་དང་ཉིན་ཞག་རེ་གསུམ་དོ་མཉམ་པ་ནི་རགས་རྩིས་ཡིནནོ། །
ཁྱིམ་ཞག་ནི་ཉི་མ་རང་འགྲོས་ཀྱིས་གླིང་བཞིར་འཁོར་ཚུལ་གྱི་སྒོ་ནས་འཇོག་སྟེ། འདུལ་མཛོད་ཀྱི་ལུགས་ལྟར་ཧོིར་ཟླ་་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་ཤར་བ་ན་མར་ངོ་སྔོན་འགྲོའི་དབང་དུ་བྱས་པའི་ལོ་གསར་བའི་ཚེས་གཅིག་ཡིན་ལ། ཉི་མ་གཞུའི་ཁྱིམ་དུ་གནས་པས་དེ་ལྟར་ན། གཞུའི་ཁྱིམ།  ཆུ་སྲིན་གྱི་ཁྱིམ། བུམ་པའི་ཁྱིམ་གསུམ་པོ་དེ་དགུན་དུས་ཀྱི་ཁྱིམ་དང་། ཉ་ཁྱིམ། ལུག་ཁྱིམ། གླང་ཁྱིམ་གསུམ་པོ་དེ་དཔྱིད་དུས་ཀྱི་ཁྱིམ་དང་། འཁྲིག་པའི་ཁྱིམ། ཀརྐ་ཊའི་ཁྱིམ། སེངྒེའི་ཁྱིམ་གསུམ་པོ་དེ་དབྱར་དུས་ཀྱི་ཁྱིམ་དང་། བུ་མོའི་ཁྱིམ།  སྲང་གི་ཁྱིམ། སྡིག་པའི་ཁྱིམ་གསུམ་པོ་སྟོན་དུས་ཀྱི་ཁྱིམ་ཡིན་ཏེ།  ཁྱིམ་བཅུ་གཉིས་གྲངས་འདྲེན་པའི་ཚེ།  གཞུ་དང་ཆུ་སྲིན་བུམ་པ་ཉ། ། ལུག་གླང་འཁྲིག་པ་ཀརྐ་ཊ།   ། སེངྒེ་བུ་མོ་སྲང་སྡིག་པ། ། །ཞེས་གསུངས་སོ། ། དེས་ན་ཁྱིམ་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་དང་། ཡུད་ཙམ་སུམ་ཅུ་ཚང་དགོས་ཤིང་། དེ་ལ་ཁྱིམ་ཞག་ཅེས་བརྗོད་པའི་རྒྱུ་མཚན་ནི། ལོ་གཅིག་ལ་ཁྱིམ་བཅུ་གཉིས་སུ་ཕྱེ་ཞིང་། ཁྱིམ་རེ་ལ་ཞག་སུམ་ཅུར་ཕྱེ་བའི་ཞག་གཅིག་ཡིན་པས་དེ་ལྟར་བརྗོད་པ་ཡིན་ནོ། །
ཉིན་ཞག་ནི། ཉི་མས་རླུང་འགྲོས་ཀྱི་དབངགིས་ཞག་གི་ཁྱིམ་བཅུ་གཉིས་དང་། གླིང་བཞི་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་འཇོག་སྟེ། འཛམ་བུ་གླིང་དུ་ད་ནངས་སྐྱ་རེངས་ཤར་བ་ནས་སང་ཉིན་སྐྱ་རེངས་མ་ཤར་གྱི་བར་དུ་ཉིན་གཅིག་འཇོག་པ་ཡིན། དེ་ལ་ཡུན་ཚད་ཇི་ལྟ་བུ་ཞེ་ན། སྐྱེས་བུ་མེད་གཅིག་གིས་དབུགས་ཕར་བཏང་བ་དང་ཚུར་རྔུབ་པ་རེ་ལ་ཁུག་པ་གཅིག་ཏུ་བྱས་པའི་དབུགས་ཁུག་པ་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག ཡང་ན་དབུགས་ཁུག་པ་སུམ་བརྒྱ་དྲུག་ཅུ་ལ་ཆུ་ཚོད་གཅིག དེ་དྲུག་ཅུ་ལ་ཞག་རེ་བྱས་ཀྱང་འདྲའོ། ། དེ་ལྟ་ན་ཞག་རེ་ལ་དབུགས་ཁུག་པ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ། ། ཆུ་ཚོད་གཉིས་ལ་ཡུད་ཙམ་གཅིག་བྱས་པས་ཞག་རེ་ལ་ཡུད་ཙམ་སུམ་ཅུ་ཡོད་པས། སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་སྐབས་སུ་ཉིན་ཡུད་ཙམ་བཅོ་ལྔ་དང་མཚན་ཡུད་ཙམ་བཅོ་ལྔའོ། ། དབྱར་ཉིན་རིང་མཐར་ཐུག་པའི་ཚེ་ཉིན་མོ་ཡུད་ཙམ་བཅོ་བརྒྱད་དང་མཚན་མོ་ཡུད་ཙམ་བཅུ་གཉིས་ཡོད། དགུན་ཉི་ལྡོག་ཁ་ལ་མཚན་མོ་རིང་བ་མཐར་ཐུག་པའི་ཚེ་མཚན་མོ་ཡུད་ཙམ་བཅོ་བརྒྱད་དང་ཉིན་མོ་ཡུད་ཙམ་བཅུ་གཉིས་ཡོད། དེས་ན་ཉིན་མཚན་རིང་ཐུང་ཡུད་ཙམ་དྲུག་གི་འཕེལ་འགྲིབ་ཀྱི་སྒོ་ནས་འཇོག་གོ།     །
ཚེས་ཞག་ནི།   ཚེས་ཞག་ཟླ་བའི་དཀར་ནག་ཆ།  ། འཕེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། ། ཆ་རེའི་ཡུན་ལ་བཏགས་པར་ཟད། ། ཅེས་ཟླ་བའི་ཡར་ངོར་འཕེལ་ཆ་བཅོ་ལྔ་དང་།  མར་ངོར་འགྲིབ་ཆ་བཅོ་ལྔའི་ཆ་རེ་འགྲིབ་པའམ་འཕེལ་བའི་ཡུན་ཚད་ལ་བརྗོད།  མདོར་ན་ཞག་ལ་ཉིན་ཞག་དང་།   ཟླ་ལ་ཚེས་ཞག   ལོ་ལ་ཁྱིམ་ཞག་གཙོ་ཆེ་བ་ཡིན་ནོ།    །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།