གྲངས་ཀྱི་མིང་འགྲེལ་མདོར་བསྡུས་ལི་ཤིའི་སྙེ་མ་ཞེས་བྱ་བ།

    1.jpg                     
རིན་ཆེན་རྒྱུད་མངས་སྦྲེངས་པའི་སྒྲ་སྙན་པོས། ། ཇི་སྙེད་ཤེས་བྱའི་སྒོ་མོ་འབུམ་འབྱེད་པ། །
ཚངས་སྲས་ལྷ་མོ་དགྱེས་པའི་ཉམས་དང་བཅས། །བདག་གི་གཙུག་ན་ལང་ཚོའི་དཔལ་གྱིས་སྒེག །
  དེ་ལ་འདིར་མཁས་དགུའི་གཙུག་རྒྱན་བླ་མ་རིན་པོ་ཆེ ༧ རྗེ་བཙུན་བསམ་འགྲུབ་རྒྱ་མཚོ་མཆོག་གིས་མཛད་པའི་སྐར་རྩིས་ཀྱི་མན་ངག་ཀུན་འདུས་པ་ནོར་བུ་རིན་པོ་ཆེ་ལས་བྱུང་བའི་གྲངས་ཀྱི་མངོན་བརྗོད་མདོར་བསྡུས་ཚིག་གིས་འགྲེལ་བར་བྱ་བ་ལ།
     རང་བཞིན་གཟུགས་དང་བསེ་རུ་དང་། །  ཟླ་བ་འོད་དཀར་རི་བོང་ཅན། །     འདི་རྣམས་གཅིག་གི་མིང་དུ་གྲགས། །
  ཞེས་པ་སྟེ། རང་བཞིན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་བདག་མེད་པར་གཅིག་པ་དང་། གཟུགས་ནི་ཕུང་བོ་ལྔའི་དང་པོའམ་གཟུགས་ཕུང་གཅིག་ཡིན་པ་དང་། བསེ་རུ་ནི་རི་དྭགས་བསེ་རུ་ལ་རྭ་གཅིག་ལས་མི་སྐྱེ་བའམ་རང་གཅིག་པུར་གནས་པ་དང་། ཟླ་བ་ནི་ནམ་མཁའ་ལ་གཅིག་པུར་འགྲོ་བའམ་གཅིག་ལས་མེད་པ་དང་། འོད་དཀར་དང་རི་བོང་ཅན་ནི་ཟླ་བའི་མིང་གི་རྣམས་གྲངས་སོ། །

2.jpg      མིག་ཟུང་བགྲོད་པ་ཐབས་ཤེས་དང་། ། འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས། །
  ཞེས་པ་སྟེ། མིག་ལ་གཡས་གཡོན་གཉིས་རེ་ཡོད་པ་དང་། ཟུང་དུ་འབྲེལ་བ་ལ་ཡ་གྱལ་གཉིས་དགོས་པ་དང་། ལོ་གཅིག་ལ་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་གཉིས་ཡོད་པ་དང་། ཐབས་དང་ཤེས་རབ་གཉིས་སུ་ངེས་པ་དང་། འཁྲིག་པ་དང་སྦྱོར་བ་ནི་སྐྱེས་བུ་དང་ན་ཆུང་ཚོགས་པའི་རྩེ་དགའོ། ། གཤིན་རྗེ་ནི་སེམས་ཅན་རྣམས་སྐྱེ་བ་གཉིས་པར་འཕེན་པའམ་དགེ་སྡིག་གཉིས་སམ་ལས་དཀར་ནག་གཉིས་ཀྱི་དབྱེ་བ་རྩིས་ལ་འདེབས་པ་པོའོ། ། དུས་གཅིག་ལ་ཕྲུ་གུ་གཉིས་མཉམ་དུ་སྐྱེས་པ་ལ་མཚེ་མར་གྲགས་པས་སོ། །
       འཇིག་རྟེན་ཚ་བ་ཡོན་ཏན་མེ། ། སྲིད་པ་རྩེ་མོ་ཅན་རྣམས་གསུམ། །
  ཞེས་པ་སྟེ། ས་འོག ས་སྟེང་། ས་བླ་གསུམ་ལ་འཇིག་རྟེན་གསུམ་ཟེར་བ་དང་། ལྒ་སྐྱ། པི་པི་ལིང་། ཕོ་བ་རིལ་གསུམ་ལ་སྨན་ཚ་བ་གསུམ་ཟེར་བ་དང་།  རྡུལ་དང་།  མུན་པ་དང་། སྙིང་སྟོབས་ཀྱི་ཡོན་ཏན་གསུམ་དང་། ཕྱིའི་རྒྱ་མཚོའི་འགྲམ་གྱི་རྟ་གདོང་གི་མེ་དང་། ཁྱིམ་གྱི་མེ་ཉི་མ་དང་། བསྲེག་བྱ་ཟ་བའི་མེ་སྟེ་གསུམ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ཀླུའི་སྲིད་པ་སྟེ་གསུམ། རྩེ་མོ་ཅན་ནི་དབང་ཕྱུག་གི་མདུང་ཐུང་ལ་རྩེ་མོ་གསུམ་ཡོད་པ་དང་ཁ་ཅིག་མེའི་མིང་གཞན་ཡང་ཟེར་རོ། །
     རྒྱ་མཚོ་ཆུ་གཏེར་ཆུ་བོ་བདུད། །  རིག་བྱེད་སྡེ་བ་ཟུང་ལྡན་བཞི། །
  ཞེས་པ་སྟེ། རི་རབ་ཀྱི་མདངས་འཕོག་ལུགས་ཀྱིས་རྒྱ་མཚོ་ཆེན་པོ་ལ་ཁ་དོག་གིས་དབྱེ་ན་དཀར་སྔོ་དམར་སེར་བཞིར་ཡོད་པ་དང་།  ཆུ་གཏེར་ནི་རྒྱ་མཚོའི་མིང་གི་མངོན་བརྗོད། གངྒཱ་དང་། སིནྡྷུ་དང་། སིཏཱ་དང་། པཀྵུ་སྟེ་ཆུ་བོ་ཆེན་པོ་བཞི་དང་། ཕུང་བོའི་བདུད་དང་། འཆི་བདག་གི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུ་བདུད་སྟེ་བདུད་བཞི་དང་།  མཆོད་སྦྱིན་དང་།   ངཆས་བརྗོད་དང་།  སྲིད་སྲུང་དང་། སྙན་ངག་སྟེ་རིག་བྱེད་བཞི་ཡོད་པ་དང་། སྡེ་བ་ནི། ཧེ་རུ་ཀ་གལ་པོར། སྡེ་བ་བཞི་ནི་གནས་བརྟན་པ། ། ཐམས་ཅད་ཡོད་པར་སྨྲ་བ་དང་། ། ལེགས་དཔོན་དགེ་འདུན་ཕལ་ཆེན་ཏེ། ། ཞེས་སོ། ། ཟུང་ལྡན་ནི་ཟུང་གཉིས་དང་ལྡན་པ་སྟེ་བཞི་ཡིན་ནོ། །
       འདོད་ཡོན་ཉེར་སྤྱོད་ཕུང་བོ་མདའ། ། འབྱུང་བ་དབང་བོ་ལྔ་ཡི་མིང་། །
  ཞེས་པ་སྟེ། གཟུགས་མཛེས་པ་དང་། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སྟེ་འདོད་པའི་ཡོད་ཏན་ལྔ་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་ཏེ་ཉེར་སྤྱོད་ལྔ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་བཅས་ཕུང་བོ་ལྔ་དང་། མདའ་ནི་མྱོས་བྱེད། སྲེད་བྱེད། རྨོངས་བྱེད། སྐེམ་བྱེད། འཆིང་བྱེད་ལྔའོ། ། འདི་ནི་བདུད་དགའ་རབ་དབང་ཕྱུག་གི་ཆུང་མའི་སྤྱི་བོ་ནས་སྤྲུལ་བའི་མེ་ཏོག་གི་མདའ་ལྔ་བྱུང་སྟེ་འགྲོ་བ་གང་ལ་ཕོག་པ་དེ་ལ་གནོད་པར་བཤད་དོ། ། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཏེ་དབང་བོ་ལྔའོ། །
              རོ་དུས་བྲོ་བ་མཚམས་རྣམས་དྲུག །
  ཅེས་པ་སྟེ། མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བ་སྟེ་རྩ་བའི་རོ་དྲུག་དང་། དཔྱིད་དང་། སོས་ཀ  དབྱར།  སྟོན། དགུན་སྟོད། དགུན་སྨད་དེ་དུས་དྲུག་དང་། ཡང་ན་ཉིན་མོར་སྔ་དྲོ། ཉིན་གུང་། ཕྱི་དྲོ་སྟེ་ཐུན་མཚམས་གསུམ་དང་། མཚན་མོར་སྲོད། ནམ་གུང་། ཐོ་རངས་ཏེ་བསྡོམས་པས་ཉིན་མཚན་དུས་དྲུག་དང་། རོ་ལ་མིང་གཞན་བྲོ་བ་ཡང་ཟེར་བ་དང་། འདིར་མ་བསྟན་པ་གཞན་ཡང་། སློབ་དཔོན་ཀླུ་སྒྲུབ་དང་། ཨཱ་རྱ་དེ་བ༼ འཕགས་པ་ལྷ ༽དང་། ཐོགས་མེད། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས་ཏེ་འཛམ་གླིང་མཛེས་པའི་རྒྱན་དྲུག་ཡོད་པ་དང་། ཛ་ཏི་དང་། སུག་སྨེལ་དང་། ཀ་ཀོ་ལ་དང་། ཅུ་གང་དང་། ལི་ཤི་དང་། གུར་གུམ་སྟེ་སྨན་བཟང་བོ་དྲུག་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །
      རིན་ཆེན་ས་འཛིན་ཐུབ་པ་གླིང་། ། དྲང་སྲོང་རེས་གཟའ་རྟ་རྣམས་བདུན། །
  ཞེས་པ་སྟེ། འཁོར་ལོ་དང་། ནོར་བུ་དང་། བཙུན་མོ་དང་། བློན་པོ་དང་། གླང་པོ་དང་། རྟ་མཆོག་དང་། དམག་དཔོན་ཏེ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཡོད་པ་དང་། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན། སེང་ལྡེང་ཅན། རྟ་རྣ། ལྟ་ན་སྡུག རྣམ་འདུད། མུ་ཁྱུད་ཅན་ཏེ་གསེར་གྱི་ས་འཛིན་ནམ་རི་བདུན་དང་། སངས་རྒྱས་རྣམ་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་སྟེ་སངས་རྒྱས་སམ་ཐུབ་པ་བདུན། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་སྟེ་རེས་གཟའ་བདུན་དང་། ཟླ་བ། འོད་དཀར། ཀུ་ཤ   མིའམ་ཅི། ཁྲུང་ཁྲུང་། དྲག་པོའི་གླིང་། འཛམ་གླིང་ཆེན་པོ་སྟེ་དུས་འཁོར་ལས་བཤད་པའི་ཁོར་ཡུག་གི་གླིང་བདུན་དང་། དྲང་སྲོང་ནི་སྐར་མ་རྨེ་བདུན་ལ་གནས་པའི་དྲང་སྲོང་བདུན་ཏེ། འདོད་འཇོར། འོད་ཟེར་ཅན་དང་། ཉི་མ་དང་། རྒྱུན་ཤེས་དང་། འོད་ཡངས་དང་། ལྷ་མིན་འཇོམས་དང་། མཆོད་སྦྱིན་ཅན་དང་། གནས་འཇོག་སྟེ་དྲང་སྲོང་སྣ་ཚོགས་གཙུག་ཕུད་ཅན་བདུན་ཞེས་སོ། ། རླུང་དང་ཡིད་མགྱོགས་མདོག་ལྔ་པ། །དེ་བཞིན་ཐིག་ལེ་ཅན་དང་ནི། ། ངེས་བརྗོད་ཤིན་ཏུ་རྒྱལ་མཚན་དང་། ། རི་འཇོམས་རྣམས་ནི་ཉི་མའི་རྟ། ། ཞེས་པ་ལྟར་ཉི་མ་འདྲེན་བྱེད་ཀྱི་རླུང་གི་རྟ་བདུན་ཡོད་དོ། །
       ལྷ་ཀླུ་བཀྲ་ཤིས་གདེངས་ཅན་སྦྲུལ། ། ལྟོ་འགྲོ་ནོར་ལྷ་ནོར་དབྱིག་བརྒྱད། །
  ཞེས་པ་སྟེ། ཚངས་པ་དང་། བྷྲྀངྒིརིངྟི་དང་། དྲག་པོ་དང་། དབང་ཕྱུག་དང་། གཞོན་ནུ་གདོང་དྲུག་དང་། ཚོགས་བདག་དང་། ལེགས་ལྡན་ནག་པོ་དང་། བིཏྲིསཏྲ་སྟེ་ལྷ་ཆེན་བརྒྱད་དང་།  གལ་པོ་ལས།  མཐའ་ཡས་དང་ནི་འཇོག་པོ་དང་། ། སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། ། ནོར་རྒྱས་བུ་དང་དུང་སྐྱོང་དང་། ། པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད། ། ཅེས་པ་ལྟར་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་དང་། གདུགས་དང་། གསེར་ཉ་དང་།  བུམ་པ་དང་།  པདྨ་དང་།  དུང་དཀར་གཡས་འཁྱིལ་དང་། དཔལ་བེའུ་དང་། རྒྱལ་མཚན་དང་། འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད་དང་། ཡང་ན། མེ་ལོང་། གི་ཝཾ། ཞོ། དུར་བ། བིལ་བ།  དུང་དཀར། ལི་ཁྲི།  ཡུངས་དཀར་ཏེ་བཀྲ་ཤིས་པའི་རྫས་བརྒྱད་ཡོད་པ་དང་། གདེངས་ཅན་དང་ལྟོ་འགྲོ་ནི་སྦྲུལ་གྱི་མིང་གི་རྣམ་གྲངས་ཡིན་ལ། གོང་དུ་ཀླུ་ཆེན་བརྒྱད་དུ་ཕྱེ་བས་སྦྲུལ་ཆེན་པོ་ཡང་བརྒྱད་ཡོད་པར་བཤད་དོ། ། འདོད་འཇོ་ལས། ཆུ་དང་བརྟན་པ་ཟླ་བ་དང་། ། འཛིན་བྱེད་རླུང་དང་མེ་དང་ནི། ། ནམ་ལངས་འོད་ཅེས་བྱ་བ་ལ། ། བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། ། ཞེས་ནོར་ལྷ་བརྒྱད་དང་། དབྱིག་ཀྱང་འདིར་ནོར་ལྷའི་མིང་སྟེ་ནོར་ལྡན་ལ་ནོར་གྱི་མིང་གིས་བཏགས་པའོ། ། གཞན་ཡང་། འཇམ་དབྱངས་དང་། ཕྱག་རྡོར་དང་། སྤྱན་རས་གཟིགས་དང་། ས་སྙིང་དང་། སྒྲིབ་སེལ་དང་། ནམ་སྙིང་དང་། བྱམས་པ་དང་། ཀུན་བཟང་སྟེ་ཉེ་བའི་སྲས་ཆེན་བརྒྱད་ཡོད་པས་ཉེ་སྲས་སོ། །
                སྲིན་པོ་བུ་ག་གཏེར་རྩ་དགུ། །

3.jpg  ཞེས་པ་སྟེ། མིག་དང་རྣ་བ་དང་སྣ་གསུམ་ལ་གཡས་གཡོན་གཉིས་རེ་དང་། ཁ་དང་འོག་སྒོ་གཉིས་ཏེ་རྣམ་ཤེས་འཕོ་བའི་བུ་ག་དགུ་དང་། འདོད་འཇོ་ལས། པདྨ་ཅན་དང་དུང་ཅན་དང་། ། པདྨ་ཆེན་པོ་ཆུ་སྲིན་ཅན། ། རུས་སྦལ་ཅན་དང་རྔ་ཅན་དང་། ། དགའ་བ་ཅན་དང་སྔོན་པོ་དང་། ། འཛིན་བྱེད་ཅེས་བྱ་གཏེར་དགུའོ། ། ཞེས་གསུངས་པ་ལྟར་གཏེར་དགུ་དང་། དེ་དག་སྲུང་བའི་སྲིན་པོའང་དགུ་ཡོད་པས་དང་ཡང་ན་སྲིན་པོའི་རྒྱལ་པོ་ལིངྐ་མགྲིན་བཅུ་སོགས་སྲིན་པོའི་རྒྱལ་བོ་དགུའོ། ། རྩ་དབུ་མ་དང་། རྐྱང་མ། རོ་མ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་བའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ། གཙུག་ཏོར་དྲི་མེད་ཀྱི་འཁོར་ལོ་བཅས་དགུ་ཡོད་པས་དེ་ལྟར་བརྗོད་དོ། །

4.jpg

     འཇུག་པ་ཁྲོ་བོ་སྒྲ་སྒྲོགས་ཕྱོགས། ། འབྱོར་བ་སྟོབས་དང་སོར་མོ་བཅུ། །
  ཞེས་པ་སྟེ། ཉ་དང་། རུས་སྦལ་དང་། ཕག་རྒོད་དང་། མི་ཡི་སེང་གེ་དང་། མིའུ་ཐུང་དང་། ར་མ་ཎ་དང་། ནག་པོ་དང་། ཤཱཀྱ་ཐུབ་པ། རིགས་ལྡན་དང་། ཀཱིརྟིཙི་སྟེ་ཁྱབ་འཇུག་གི་འཇུག་པ་བཅུ་དང་། གནོད་མཛེས་དང་། གཤིན་རྗེ་གཤེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དང་། གཙུག་ཏོར་འཁོར་ལོ་སྒྱུར་བ་སྟེ་ཁྲོ་བོ་བཅུ་དང་། ཕྱོགས་བཞི་མཚམས་བཞི་དང་། སྟེང་འོག་གཉིས་བཅས་ཕྱོགས་བཅུ་དང་། ཉན་ས་ལས། མི་ཉིད་དབུས་སྐྱེས་དབང་བོ་ཚང་། ། ལས་མཐའ་མ་ལོག་གནས་ལ་དད། ། སངས་རྒྱས་བྱོན་དང་དམ་ཆོས་སྟོན། ། བསྟན་པ་གནས་དང་དེ་རྗེས་འཇུག ། གཞན་ཕྱིར་སྙིང་ནི་བརྩེ་བའོ། ། ཞེས་གསུངས་པ་ལྟར་འབྱོར་བ་བཅུ་ཡོད་པ་དང་། གནས་དང་གནས་མིན་ལས་ཀྱི་རྣམ་སྨིན་དང་། ། མོས་པ་འཇིག་རྟེན་ཁམས་དང་དབང་པོའི་རིམ། ། ཀུན་འགྲོའི་ལམ་དང་ཀུན་བྱང་སྔོན་གྱི་གནས།  ། འཆི་འཕོ་སྐྱེ་དང་ཟག་ཟད་མཁྱེན་སྟོབས་བཅུ།  ། ཞེས་པ་ལྟར་སངས་རྒྱས་ལ་སྟོབས་བཅུ་ཡོད་པ་དང་། རྐང་པ་ལ་སོར་མོ་བཅུ་དང་ལག་པ་ལ་སོར་མོ་བཅུ་ཡོད་པས་སོ། །
      དྲག་པོ་དབང་ཕྱུག་བདེ་བྱེད་དང་། །  བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ། །
  ཞེས་པ་སྟེ། དྲག་པོ་དང་། བདེ་བྱེད། བདེ་འབྱུང་། འཕྲོག་བྱེད་རྣམས་ནི་ལྷ་དབང་ཕྱུག་ཆེན་པོའི་མིང་ཡིན་ལ་དེར་གྲངས་བཅུ་གཅིག་ཡོད་པ་ནི། འདོད་འཇོ་ལས། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། ། དྲག་པོ་དང་ནི་བརྩོན་འགྲུས་ལྡན། ། འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། ། སྤྱན་གསུམ་གཞན་ལས་རྒྱལ་བ་དག ། དབང་ལྡན་དང་ནི་ས་གསུམ་པ། ། དྲག་པོ་བཅུ་གཅིག་ཤེས་པར་བྱ། ། ཞེས་གསུངས་པ་ལྟར་དང་། གཞན་ཡང་། བེེ་དཀར་ལས།  གདབ་པ་བྱིས་པ་རིག་པ་ཅན། ། ཏིལ་བརྡུང་ཁྱིམ་སྐྱེས་ཚོང་བིཥྟི། ། ཤངྐུ་ནི་དང་རྐང་བཞི་ཀླུ། ། མི་སྡུག       ཅེས་གསུངས་པ་ལྟར་བྱེད་པ་བཅུ་གཅིག་ཡོད་དོ། །
          ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། །
  ཞེས་པ་སྟེ། འདོད་འཇོ་ལས། དབང་བོ་བྱེད་པོ་ལམ་པ་དང་། ། ཆར་འབབ་བསྟོད་བྱེད་སྔོན་མིན་དང་། ། མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། ། ཆུ་བདག་བཤེས་གཉེན་ཉིད་ཀྱང་ངོ་། ། ། ཞེས་གསུངས་པ་ལྟར། ཉི་མ་ལ་ཁྱིམ་གྱི་བདག་པོ་བཅུ་གཉིས་ཡོད་པ་དང་། བེེ་དཀར་ལས། མ་རིག་འདུ་བྱེད་རྣམ་པར་ཤེས། ། མིང་གཟུགས་སྐྱེ་མཆེད་རེག་པ་དང་། ། ཚོར་བ་སྲེད་པ་ལེན་པ་དང་། ། སྲིད་པ་སྐྱེ་བ་རྒ་ཤིའོ། ། ཞེས་གསུངས་པ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་པ་དང་། ཡང་། ལུག་གླང་འཁྲིག་པ་ཀརྐ་ཊ། ། སེངྒེ་བུ་མོ་སྲང་སྡིག་གཞུ། ། ཆུ་སྲིན་བུམ་པ་ཉ་རྣམས་སོ།  ། ཞེས་པ་ལྟར་ཉི་ཁྱིམ་བཅུ་གཉིས་ཡོད་པས་སོ།   །
        གདུགས་རིམ་སྣ་ཚོགས་ལུས་མེད་དང་། །འདོད་པ་མྱོས་བྱེད་བཅུ་གསུམ་མིང་། །
  ཞེས་པ་སྟེ། ཐེག་པ་ཆེན་པོའི་མཆོད་རྟེན་ལ་གདུགས་རིམ་པ་བཅུ་གསུམ་ཡོད་པ་དང་། སྣ་ཚོགས། ལུས་མེད་དང་མྱོས་བྱེད་ནི་བདུད་དགའ་རབ་དབང་ཕྱུག་དང་དེའི་བུ་ཡི་མིང་ཡིན་ལ་དེར་མྱོས་བྱེད་ལ་སོགས་ཆོ་འཕྲུལ་ཡང་བཅུ་གསུམ་ཡོད་པར་འདོད་པ་དང་། འདོད་པ། དུས། གང་བ་ལ་སོགས་པ་སྣ་ཚོགས་ཀྱི་ལྷ་བཅུ་གསུམ་ཡོད་པས་སོ། ། གློག་གི་འོད་ཅན་མ་དང་། ཐིག་ལེ་མཆོག་མ་དང་། པད་དཀར་མ་དང་། ལག་བཟང་མ་དང་། དགའ་བའི་ཤིང་རྟ་མ་དང་། རབ་ཏུ་མྱོས་བྱེད་མ་དང་། མེ་ནཱ་ཀ་དང་། སྐྲ་འདྲེས་མ་དང་། ལེགས་བརྒྱན་མ་དང་། མུཉྫ་སྐྱེས་མ་དང་། ཨ་ལམྦུ་ཥ་དང་། ཆུ་ཤིང་བརླ་ཅན་མ་དང་། སྐེད་ལེགས་མ་སྟེ་ལྷའི་སྨད་འཚོང་མ་བཅུ་གསུམ་ཡོད་ལ། དེ་དག་འདོད་པའི་རྒྱུ་ཡིན་པས་སོ། །
        མ་ནུ་ཤེད་བུ་ཡིད་སྲིད་པ་དང་། ། སྲིད་པའི་གནས་རྣམས་བཅུ་བཞིའོ། །
  ཞེས་པ་སྟེ། མ་ནུ་དང་ཤེད་བུ་ནི་མིའི་མིང་ལ་འཇུག་པས། སྔོན་རྒྱ་གར་དུ་མི་རིགས་བཞིར་ཕྱེ་བའི་རྒྱལ་རིགས་ལ་རྐང་ཐང་དང་། རྟ་བ་དང་། གླང་ཆེན་དང་། ཤིང་རྟ་བ་བཞི་དང་། བྲམ་ཟེ་རིགས་ལ། ནགས་གནས་དང་། ཁྱིམ་གནས་དང་། དཀའ་ཐུབ་གསུམ་དང་། རྗེ་རིགས་ལ་ཡིག་མཁན་དང་། ཚོང་བ་དང་། སྨན་པ་གསུམ་དང་། དམངས་རིགས་ལ་ས་གཞི་རྨོ་བ་དང་། བ་གླང་སྐྱོང་བ་དང་། འཇིམ་ལས་པ་དང་། ཁྱིམ་གནས་པ་བཞི་སྟེ་མི་རིགས་བཅུ་བཞི་དང་། འདོད་ལྷ་རིགས་དྲུག་དང་། གཟུགས་གཟུགས་མེད་ཕྱེ་བས་ལྷ་ལ་བརྒྱད་དང་། སྐྱེ་གནས་ཀྱིས་ཕྱེ་བས་དུད་འགྲོ་ལ་བཞི་དང་། མི་དང་དམྱལ་བ་སྟེ་སྲིད་པ་བཅུ་བཞི་ཡོད་པར་དུས་འཁོར་ལས་བཤད་པ་དང་། དེས་ན་དེ་འདྲའི་སེམས་ཅན་ནམ་ཡིད་ཅན་རིས་བཅུ་བཞི་ཡོད་པས་སོ། །
         ཚེས་ཞེས་བྱ་བ་བཅོ་ལྔའི་མིང་། །
  ཞེས་པ་སྟེ། ཟླ་བའི་དཀར་ཆ་དང་ནག་ཆའི་འཕེལ་འགྲིབ་ཀྱི་ཕྱོགས་རེ་ལ་ཚེས་ཞག་བཅོ་ལྔ་རེ་ཡོད་པས་དེ་ལྟར་དུ་གྲགས་སོ། །
        ཆ་ཤས་དང་ནི་རྒྱལ་བོ་དང་། ། མི་བདག་ཅེས་པ་བཅུ་དྲུག་གོ །
  ཞེས་པ་སྟེ། ཆ་ཤས་ནི་འདོད་འཇོ་ལས། ཆ་བཅུ་དྲུག་གི་ཆ་ཤས་ཀྱིས་ཟླ་བ་ཉ་བར་བྱེད་པས་སོ། ། ། ཞེས་པས་ཟླ་བའི་ཆའོ། ། རྒྱལ་བོ་དང་མི་བདག་ནི། ། ཨངྒ་དང་། མ་ག་ངྷ་དང་། ཀོ་ས་ལ་དང་།  ཀཱ་ཤི་ཀ་དང་། པྲྀ་ཛ་དང་། མ་ལ་ཡ་དང་།  པུནྟ་དང་།  སྲེག་པ་དང་། ཀཱ་མ་དང་། ཨ་བནྟི་དང་། ཀུ་རུ་དང་། ལྔ་ལེན་དང་། བཏྶ་དང་། དཔལ་སྡེ་དང་། ཡ་བ་ན་དང་། ཀམྦོ་སྟེ་ཡུལ་ཆེན་བཅུ་དྲུག་པོ་དེའི་མི་བདག་གམ་རྒྱལ་པོ་བཅུ་དྲུག་ཡོད་པས་སོ། །
          ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་དོ། །
  ཞེས་པ་སྟེ། གཟུགས་མི་སྡུག་པ་དང་། སྐྲ་བྱི་བ་དང་། དཔྲལ་བ་ཆུང་བ་དང་། མདོག་སེར་སྐྱ་དང་། མིག་སེར་བ་དང་། སྨིན་མཚམས་མ་འབྱར་བ་དང་། སྣ་ལེབ་པ་དང་། སོ་སྟོ་བ་དང་། དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། ཕྱི་ནང་དུ་སྒུར་བ་དང་། ལྟོ་ཆེ་བ་དང་། དཔུང་བ་དང་རྗེ་ངར་ཐུང་བ་དང་། སྤུ་ཅན་དང་། རྐང་པ་དང་ལག་པ་མི་མཉམ་པ་དང་། ཚིགས་སྦོམ་པ་དང་། ཁ་དང་ལུས་ལས་དྲི་ངན་པ་འབྱུང་བ་སྟེ་ལུས་ལ་མི་སྡུག་པའི་ཉེས་པའམ་སྐྱོན་བཅོ་བརྒྱད་དང་། མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བཅས་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག   མིག་དབང་། རྣ་བའི་དབང་བོ། སྣའི་དབང་བོ། ལྕེ་དབང་། ལུས་དབང་། ཡིད་དབང་སྟེ་རྟེན་དབང་བོའི་ཁམས་དྲུག གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ། ཁམས་བཅོ་བརྒྱད་ཡོད་དོ། །
          རྒྱལ་བ་ཡུལ་ནི་ཉེར་བཞིའོ། །
ཞེས་པ་སྟེ། ལངྐར་གཤེགས་པའི་མདོ་ལས་གསུངས་པའི་རྒྱལ་བ་སྟེ་སངས་རྒྱས་ཉེར་བཞི་ཡོད་པ་དང་། པཱུ་ལི་ར་མ་ལ་ཡ་དང་། ཛ་ལནྡྷ་ར། ཨོོ་ཊི་ཡ་ན། ཨརྦུ་ཏ། གོོ་ད་ཝ་རི།  ར་མེན་ཤཱ་རི།  དེ་ཝི་ཀོ་ཏྲི།  མཱ་ལ་ཝ། ཀ་མ་རཱུ་པ།  ཨོ་ཏྲི།  ཏྲི་ཤ་ཀུ་ནེ།  ཀོ་ས་ལ། ཀ་ལིངྒ།  ལམ་པ་ཀ  ཀཉྫི།  ཧི་མ་ལ་ཡ།  པྲེ་ཏ་པུ་རི།  གྲི་ཧ་དེ་ཝ་ཏ།  སོ་རཥྟྲ།  སུ་ཝརྣ་དཱི་པ།  ན་ག་ར།  སིན་དྷུ།  མ་རུ།  ཀུ་ལུ་ཏ་སྟེ་དཔལ་འཁོར་ལོ་སྡོམ་པར་བཤད་པའི་ཕྱི་ནང་གི་ཡུལ་ཉེར་བཞིའོ། །
       དེ་ཉིད་ཉི་ཤུ་རྩ་ལྔ་སྟེ། །
ཞེས་པ་སྟེ། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་དང་། ལག་པ་དང་། རྐང་བ་དང་། འཕོངས་དང་། འདོམས་དང་། ངག་དང་། ཡིད་དང་། སྒྲ་དང་། རེག་དང་། གཟུགས་དང་། རོ་དང་། དྲི་དང་། ནམ་མཁའ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། སྐྱེས་བུ་སྟེ་དེ་རྣམས་ལ་མུ་སྟེགས་གྲངས་ཅན་པ་རྣམས་ཀྱིས་དེ་ཉིད་ཉེར་ལྔ་ཞེས་ཟེར་རོ།  །
       སྐར་མ་འཁོར་ལོ་ཉེར་བདུན་མིང་། །
ཞེས་པ་སྟེ། ཐ་སྐར་བྲ་ཉེ་སྨིན་དྲུག་དང་། ། སྣར་མ་མགོ་ལག་ནབས་སོ་རྒྱལ། ། སྐག་མཆུ་གྲེ་དབོ་མེ་བཞི་ནག ། ས་རི་ས་ག་ལྷ་མཚམས་སྣོན། ། སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། ། གྲོ་བཞིན་མོན་གྲེ་མོན་གྲུ་དང་། ། ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་བཅས། ། རྒྱུ་སྐར་ཉི་ཤུ་རྩ་བདུན་ནོ། ། ཞེས་ལོངས་སྤྱོད་ཀྱི་དབང་གིས་གྲོ་བཞིན་དང་བྱི་བཞིན་གཉིས་གཅིག་ཏུ་བྱས་ན་རྒྱུ་སྐར་ཉེར་བདུན་དང་། ལོངས་སྤྱོད་མཚུངས་པའི་རྒྱུ་སྐར་འཁོར་ལོ་ཉེར་བདུན་ཡོད་པས་སོ། །
        སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །
ཞེས་པ་སྟེ། མི་ཕལ་པ་ལ་མཐའ་འགྲམ་རྫོགས་ན་སོ་སོ་གཉིས་འབྱུང་བ་དང་། གཉིས་སྐྱེས་ཀྱང་དེའི་མིང་གི་རྣམ་གྲངས་སོ། །
    སྟོང་བ་ནམ་མཁའ་ཐིག་ལེ་སྟེ། ། གྲངས་ཀྱི་མིང་གི་རྣམ་གྲངས་སོ། །
ཞེས་པ་སྟེ། མཐོང་ཙམ་ཉིད་ནས་ས་གཞི་ལྟ་བུ་རི་བྲག་རྡོ་ལ་སོགས་པ་མེད་པར་སྟོང་པར་གནས་པས་ནམ་མཁའ་དང་། གནས་འཛིན་ཐིག་ལེའི་མིང་ཡིན་ནོ། ། དེ་ལྟར་སྐར་རྩིས་ཀུན་འདུས་ནོར་བུ་ལས་བྱུང་བའི་གྲངས་ཀྱི་མངོན་བརྗོད་མདོ་ཙམ་འགྲེལ་བ་རྫོགས་སོ། །
སྨྲས་པ།      
          གསུང་རབ་བརྡ་ལ་ཉེ་བར་མཁོ་བ་ཡི། །
          མིང་གི་མངོན་བརྗོད་འདྲ་མིན་མང་ན་ཡང་། །
          འདི་རུ་གྲངས་ཀྱི་མིང་འགྲེལ་འདི་བྲིས་མཐུས། །
          རྩིས་རིག་སྨྲ་ལ་ཐོགས་པ་མེད་པར་ཤོག །
ཅེས་བྱ་བ་འདི་ནི་ཚུལ་འདིར་མོས་པའི་དོན་གཉེར་ཅན་མང་བོའི་ངོར། སྐྱ་རེངས་པ་མཚོ་བྱུང་དགྱེས་པའི་བློ་གྲོས་སུ་འབོད་པས་བྲིས་པ་དགེའོ། །    ། ། 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།