རྗེ་ཙོང་ཁ་པའི་རྟོགས་བརྗོད་ཐུབ་བསྟན་རིན་པོ་ཆེའི་རྒྱན་ལ་དཔྱད་པ།


༄༅།  །རྗེ་ཙོང་ཁ་པའི་རྟོགས་བརྗོད་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་མེ་ཏོག་ཆུན་པོ་ལ་དཔྱད་པ་འཇམ་མགོན་དགྱེས་པའི་མཆོད་སྤྲིན།

1.jpg

ནང་དོན་གནད་བསྡུས།   རྩོམ་འདིར་རྗེ་ཙོང་པ་ཆེན་པོའི་རྣམ་ཐར་མང་དུ་ཡོད་པ་དག་དང་།   ཁྱད་པར་དུ་ར་རོང་པའི་ལོ་རྒྱུས་མདོར་བསྡུས་དང་རྟོགས་བརྗོད་ངོ་མཚར་མེ་ཏོག་ཆུན་པོའི་ནང་དོན་དང་ཁྱད་ཆོས་རགས་ཙམ་ངོ་སྤྲོད་བྱས་ཡོད།
གནད་ཚིག   རྗེ་ཙོང་པ།   ར་རོང་པ།  རྟོགས་བརྗོད་མེ་ཏོག་ཆུན་པོ།  

      བློ་བཟང་མཁྱེན་པའི་མེ་ལོང་དྲི་མེད་ངོས།  །
                  མཐའ་དག་ཆོས་ཀྱི་གཟུགས་བརྙན་མ་འདྲེས་གསལ།  །
                  སྐལ་བཟང་གདུལ་བྱའི་མིག་གི་བདུད་རྩི་རུ།   །
                  སྦྱིན་མཁས་གྲགས་པ་རབ་འབར་སྙིང་གི་གསོས།   །
སྤྱིར་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ཞེས་པ་ནི་འཁྲུངས་རབས་ཀྱི་ཕྲེང་པ་སྔོན་མའམ།   སྐུ་ཚེ་འདི་ཉིད་ལ་གང་ཟག་ཕལ་མོ་ཆེ་གཞན་ལས་ཁྱད་པར་དུ་འཕགས་ཤིང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་།   ལྷག་པར་དུ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་པ་རྣམ་པར་དག་པ་མཛད་ཚུལ་དང་།    དེ་ལ་བརྟེན་ནས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་།  བཙུན་པའི་ཡོན་ཏན་སྡོམ་པ་གསུམ་གྱི་བཅས་མཚམས་ལས་མི་འདའ་བ།    གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ།     བཟང་པོའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་ལ་སོགས་པ་རྣམས་ངག་གི་ཕྲེང་པར་སྤེལ་བ་ལས།   མཐོང་པ་དང་ཐོས་པའི་གདུལ་བྱའི་རྒྱུད་ལ་བཅོས་མ་མ་ཡིན་པའི་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་ཞིང་།   དེ་ལ་བརྟེན་ནས་གདུལ་བྱ་དེ་དག་གིས་ཀྱང་རྣམ་པར་ཐར་པའི་ཚུལ་དེ་དང་དེ་ལ་སྨོན་ལམ་ཚུན་ཆད་ཀྱིས་ཀྱང་འཇུག་པར་འགྱར་བའི་ལེགས་བཤད་དེ་ལྟ་བུ་ལ་རྣམ་པར་ཐར་བ་ཞེས་བརྗོད༼འབྲུག་རྒྱལ་དབང་གི་རྗེའི་རྣམ་ཐར་ཆེན་མོ་ལས༽ལ།   རྗེ་བཙུན་ཙོང་ཁ་པ་ཆེན་མོ་ནི་སྙིགས་མའི་དུས་འདིར་ཐུབ་པའི་བསྟན་པ་ལ་ཐུབ་དབང་རང་ཉིད་སླར་བྱོན་པ་དང་སྒོ་ཀུན་ནས་མཚུངས་པའི་བཤད་སྒྲུབ་ཀྱི་འཕྲིན་ལས་གཞན་དྲིང་མི་འཇོག་པས་བསྟན་པ་རིན་ཆེ་ཉིན་མོ་ལྟར་ཆེས་ཆེར་གསལ་བར་མཛད་པའི་རྣམ་ཐར་རྒྱ་ཆེན་པོ་དག་ཕྱི་རབས་ཀྱི་མཁས་གྲུབ་མང་པོས་མཛད་པ་ཤིན་ཏུ་མང་པོ་ཡོད་པ་ལས་ར་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོས་བརྩམས་པའི་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་མེ་ཏོག་ཆུན་པོ་ནི་རྗེ་བླ་མའི་རྣམ་ཐར་གྱི་འགངས་ཐོན་ལ་ཚིག་སྦྱོར་གྱི་ཉམས་འགྱུར་སྟོང་གིས་ཕྱུག་པའི་གཞུང་གྲགས་ཅན་ཞིག་ཡིན་འདིར་དེའི་སྐོར་ལས་བརྩམས་ཏེ་རགས་ཙམ་གླེང་བར་འདོད་དོ། །    
              དང་པོ།    རྗེ་བླ་མའི་རྣམ་ཐར་སྤྱི་བཤད།
ཇི་སྐད་དུ།   རྗེ་ཙོང་ཁ་པ་ཆེན་པོས། དང་པོར་རྒྱ་ཆེན་མང་དུ་ཐོས་པ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།  །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།  །ཞེས་སོགས་རྗེ་བླ་མ་རང་གི་མཛད་པ་ཐམས་ཅད་རྟོགས་བརྗོད་མདུན་ལེགས་མས་སྡོམས་སུ་མཛད་པའི་རྗེས་སུ་འབྲངས་ཏེ་ཁོང་སྐུ་གཤེགས་རྗེས་སུ་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་གིས་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས། གསང་བའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཉུང་ངུ་ཞིག་ཡོངས་སུ་བརྗོད་པའི་གཏམ་རིན་པོ་ཆེའི་སྙེ་མ་གཉིས་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་རྗེའི་རྣམ་ཐར་ཤིན་ཏུ་གསང་བ་ངོ་མཚར་རྨད་དུ་བྱུང་བའི་གཏམ། ཟུར་འདེབས་ལེགས་བཤད་ཀུན་བཏུས་གཉིས།   འཇམ་དབྱངས་ཆོས་ཀྱི་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་ལ་བསྟོད་པ་གསང་བའི་རྣམ་ཐར། གུང་རུ་རྒྱན་བཟང་གི་འདུན་ལེགས་མའི་འགྲེལ་པ་ལེགས་བཤད་གསལ་སྒྲོན། མདོ་སྨད་པ་ལེགས་པ་བཟང་པོའི་གསང་བའི་རྣམ་ཐར་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན་བྱིན་རླབས་ཆར་རྒྱུན་དངོས་གྲུབ་གཏེར་འབྱེད་རིན་པོ་ཆེའི་ཕྲེང་བ་སོགས་རྗེའི་དངོས་སློབ་དག་གིས་མཛད་པའི་རྣམ་ཐར་མང་པོ་དང་།    དེའི་རྗེས་སུ་གནའ་དེང་གི་དགེ་ལྡན་པའི་བསྟན་འཛིན་མང་པོས་མཛད་པའི་དགའ་ལྡན་གཙོས་པའི་ཆོས་སྡེ་ཁག་གི་གདན་རབས་ཆོས་འབྱུང་མང་པོ་དང་བླ་རྒྱུད་རྣམ་ཐར་གྱི་གསེབ་ཏུ། རྗེའི་རྣམ་ཐར་རྒྱས་བསྡུས་མི་ཉུང་བ་ཞིག་བརྩམས་ཡོད་པ་དང་།  གདན་ས་མཐིལ་གྱི་ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ་པཎ་ཆེན་བསོད་ནམས་དཔལ་གྱིས་མཛད་པ་རྗེའི་རྣམ་ཐར་རྒྱས་པ། སྤྱན་སྔ་བསོད་ནམས་རྒྱ་མཚན་གྱིས་མཛད་པའི་རྗེའི་རྣམ་ཐར། ཇོ་གདན་བསོད་ནམས་ལྷུན་གྲུབ་དང་། ལྷུ་ལ་བཀའ་བཅུ་ལེགས་པ་དཔལ་གྱིས་མཛད་པའི་རྗེའི་རྣམ་ཐར་རྒྱས་པ་རེ་ཡོད་པར་གསུངས་ཏེ་དེང་སང་མཇལ་རྒྱུ་དཀོན།    གཞན་ཡང་རྗེས་འཇུག་མཁས་པའི་དབང་པོ་དག་གིས་མཛད་པའི་རྗེའི་རྣམ་ཐར་ཀྱང་བརྒྱ་ཕྲག་ལས་བརྒལ་བ་བཞུགས་ལ།     གྲགས་ཆེ་བ་ཡང་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་པས་མཛད་པ་རྗེའི་རྣམ་ཐར་དད་པའི་འཇུག་ངོགས།  ཟང་ཟང་ནེ་རིངས་པ་འཆི་མེད་རབ་རྒྱས་ཀྱིས་མཛད་པའི་རྗེ་ཙོང་ཁ་པས་འཆད་རྩོད་རྩོམ་གསུམ་མཛད་ཚུལ་གྱི་རྣམ་ཐར་དད་ལྡན་དགའ་བྱེད།  རྗེ་ཙོང་ཁ་པ་ཆེན་པོ་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་ཚུལ་གྱི་རྣམ་ཐར་ནོར་བུའི་བང་མཛོད།  རྗེ་ཡབ་སྲས་ཀྱི་རྣམ་ཐར་གསེར་གྱི་མཆོད་སྡོང་།  དེའི་ཁ་སྐོང་གསེར་གྱི་མྱུ་གུ།  རྗེ་བླ་མའི་རྣམ་པར་ཐར་པ་ལ་བསྟོད་པའི་སྒོ་ནས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པའི་རྣམ་བཤད་དད་པའི་འཇུག་ངོགས། དཔལ་ལྡན་ས་གསུམ་མའི་ཚིག་དོན་རྣམ་འབྱེད་བ་སོ་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། དཔལ་ལྡན་ས་གསུམ་མའི་དོན་གསལ་ཁྲི་ཆེན་འཇམ་དབྱངས་ཤེས་རབ་དར་རྒྱས་ཀྱིས་མཛད་པ།  མཁས་གྲུབ་ཆོས་ཀྱི་རྒྱལ་པོས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དཔལ་ལྡན་ས་གསུམ་མའི་ཚིག་དོན་རྣམ་འབྱེད་དངུལ་ཆུ་ཆོས་བཟང་གིས་མཛད་པ།  མངའ་རིས་གྲྭ་ཚང་གི་བླ་མ་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྒྱལ་བའི་དབང་པོ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་སྐལ་ལྡན་དད་པའི་པད་ཚལ་རྒྱས་པའི་འོད་སྟོང་། རྩིས་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་གསལ་བའི་སྒྲོན་མེ།   པཎ་ཆེན་བསོད་ནམས་གྲགས་པས་མཛད་པ་བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། དེ་ཉིད་ཀྱི་དངོས་སློབ་མཛོད་དགེ་ར་རོང་པ་ངག་དབང་ཆོས་གྲགས་རྒྱ་མཚོས་མཛད་པའི་སྙན་ངག་གི་ལམ་ནས་དྲངས་པ་ཐུབ་བསྟན་རིན་པོ་ཆེའི་རྒྱན་མེ་ཏོག་ཆུན་པོ།   རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་དེ་ཉིད་ལ་སློབ་མ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པ།  པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་པདྨ་དཀར་པོ།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ཕུལ་བྱུང་ནོར་བུའི་ཕྲེང་བ། རྟ་ཚག་རྗེ་དྲུང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་རྣམ་པར་ཐར་པ་ཉུང་ངུར་བསྡུས་པ་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་པ་མོས་གུས་ཀྱི་གཏེར།  དྭགས་པོ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལམ་རིམ་བླ་བརྒྱུད་རྣམ་ཐར། མཁས་པའི་དབང་པོ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་དང་ང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་མོ་དང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་འབྱུང་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དངོས་གྲུབ་ཀྱི་གཏེར་མཛོད།  བྲག་གཡབ་ཆུང་ཚང་བློ་བཟང་བསྟན་པ་ངག་དབང་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་ལེགས་བཤད་ཉིན་མོར་བྱེད་པ། བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན་གྱིས་མཛད་པའི་རྗེའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་ཞེས་བྱ་བ་ལོག་རྟོག་ཞོར་ཁེགས་དང་བཅས་པ ། མཁར་རྡོ་བཟོད་པ་རྒྱ་མཚོའི་རྒྱལ་བ་ཙོང་ཁ་པའི་རྣམ་པར་ཐར་པའི་ཟུར་རྒྱན་ལུང་བསྟན་རིན་ཆེན་ཕྲེང་པ། འོལ་ཁ་རྗེ་དྲུང་བློ་བཟང་འཕྲིན་ལས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་སྲིད་གསུམ་དཔལ་འབར། གདན་ས་མཐིལ་གྱི་ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ་པཎ་ཆེན་བསོད་ནམས་དཔལ་གྱིས་མཛད་པའི་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་བསྟོད་པ་ཙོང་ཁ་བརྒྱད་ཅུ་མར་གྲགས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་བཻཌཱུར་སེར་པོའི་མེ་ལོང་། དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་བོ་མཁས་པ་དགྱེས་བྱེད་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད་པ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་མཁན་རིན་པོ་ཆེ་གྲུབ་པའི་དབང་པོ་མེེ་ཏྲི་པས་མཛད་པ། རྣམ་གླིང་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་དབྱར་གྱི་རྔ་གསང་། ནམ་མཁའ་འོད་ཟེར་གྱི་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་སུ་བྱས་པའི་རྣམ་བཤད།  ཆ་ཧར་བླ་མ་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་འདུན་ལེགས་མའི་འགྲེལ་པ་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ།  ཕུར་ལྕོག་ངག་དབང་བྱམས་པའི་རྟོགས་བརྗོད་རིན་པོ་ཆེ་འདུན་ལེགས་མའི་འགྲེལ་བ་མཁས་པའི་གཞུང་ལམ།  ཞང་སྟོན་བསྟན་པ་རྒྱ་མཚོའི་རྟོགས་བརྗོད་རིན་པོ་ཆེ་འདུན་ལེགས་མའི་འགྲེལ་བ།   རྗེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགས།  འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་བརྩམས་པའི་ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ།     སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དཔག་བསམ་ལྗོན་བཟང་།  རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པ་དགེ་ལྡན་ཆོས་འབྱུང་ནོར་བུའི་ཕྲེང་བ་དང་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ།   ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་བསྟོད་པ་དོན་ལྡན་མ་རྩ་འགྲེལ་ཆེན་མོ།     གསེར་ཏོག་སྐུ་ཕྲེང་སྔ་ཕྱིས་མཛད་པའི་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་ཆེ་ཆུང་གཉིས།  རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྗེའི་རྣམ་ཐར་ཚིགས་བཅད་བཅུ་བདུན་པ་སོགས་ཤིན་ཏུ་མང་པོ་ཡོད་ལ།   དེང་གི་དུས་སུ་ཡང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་མཛད་པའི་གདན་ས་ཆེན་པོ་དང་གྲྭ་ཚང་ཁག་གི་གདན་རབས་ཆོས་འབྱུང་ཁག་དང་།  མཁས་དབང་ཚེ་ཏན་ཞབས་དྲུང་གི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཆེན་པོའི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད་དང་།    དམུ་དགེ་བསམ་གཏན་རྒྱ་མཚོའི་རྗེ་བློ་བཟང་གྲགས་པའི་མཛད་རྣམ་ཐུང་ངུ་།  གྲྭ་སྒོམ་པའི་ཁམས་གསུམ་འགྲོ་བའི་བླ་མ་སངས་རྒྱས་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལེགས་ཚོགས་སྒོ་བརྒྱ་འཆར་བའི་གསེར་གྱི་མེ་ལོང་། བཛྲ་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་པ་དད་པའི་དྲི་བསུང་འཐུལ་བའི་རྫིང་བུ།  སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་གྲུབ་མཐའི་བྱུང་བ་བརྗོད་པ།   བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་འཇམ་མགོན་བསྟན་པའི་མཛེས་རྒྱན་སོགས་ལས་བྱུང་པའི་རྣམ་ཐར་རྒྱས་བསྡུས་མང་དུ་བཞུགས་སོ།  །
    གཉིས་པ།   ར་རོང་ངག་དབང་ཆོས་གྲགས་རྒྱ་མཚོའི་མདོར་རྣམ།
རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་མེ་ཏོག་ཆུན་པོའི་རྩོམ་པ་པོ།   ཡུལ་གངས་ཅན་གྱི་སྙན་ངག་མཁན་ཐམས་ཅད་ཀྱི་གཙུག་རྒྱན་ར་རོང་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེ་དཔལ་བཟང་པོ་ནི།   རབ་བྱུང་དགུ་པའི་ས་ཡོས་༼སྤྱི་ལོ༡༥༡༩༽ལོར་ད་ལྟའི་ནང་སོག་ཁུལ་དུ་ཡོད་པའི་མཁར་སྔོན་པོ་ཞེས་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་མི་ཚོགས་འདུ་འགོད་འཁྲིགས་པའི་གྲོང་ཁྱེར་དེར་སྐུ་འཁྲུངས་ཤིང་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དུ་གྲགས།    སྐུ་ན་ཕྲ་མོའི་དུས་ནས་དབུས་གཙང་ལ་སློབ་གཉེར་དུ་ཕེབས་ཏེ་རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་།   མཁས་པ་མི་ཉག་རྡོ་རྗེ་བཟང་པོ།  པཎ་ཆེན་བསོད་ནམས་གྲགས་པ།    རྗེ་ངག་དབང་ཆོས་གྲགས།   རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བ་སོགས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་རྒྱ་ཆེར་མཛད་དེ་མཁས་པའི་གོ་འཕང་བརྙེས།  ངག་གི་དབང་ཕྱག་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བ་ལ་བརྟེན་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་གྱུར།    གངས་ཏི་སི་དང་མ་ཕམ་གཡུ་མཚོ་སོགས་གནས་ཆེན་དུ་མའི་སྒྲུབ་གནས་སུ་མདོ་སྔགས་གཞུང་གི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་པས་དྭངས་པའི་མཁའ་ལ་ཉི་འོད་ཤར་པ་བཞིན་ལུང་རྟོགས་ཡོན་ཏན་གྱི་ཀློང་བརྡོལ།  དེའི་རྗེས་ཁོང་ཇོ་མོ་གངས་དཀར་དུ་སྐུ་མཚམས་ལ་བཞུགས་སྐབས་ཡི་དམ་ལྷའི་ལུང་བསྟན་བྱུང་བ་དང་།   ཕྱིས་སུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞལ་མཇལ་བའི་ཚེ་ཁོང་གིས་ཁྱེད་མདོ་སྨད་མཛོད་དགེའི་ཡུལ་དུ་སོང་ལ་བསྟན་པ་སྤེལ་ཅིག་གསུངས་པ་ལྟར་མདོ་སྨད་དུ་ཕེབས།  ལམ་བར་གནས་ཚང་ཞིག་ཏུ་ཞག་བཞུགས་བྱས་པའི་གཟིམས་ལམ་དུ་ལྷ་མོ་ཞིག་གིས་དགོན་གནས་ལུང་བསྟན་པ་ལྟར་མཛོད་དགེའི་འབྲང་རྒྱས་ཀྱི་ས་དེར་༼སྤྱི་ལོ་༡༥༤༠ལོ་ནས་༡༥༦༠ལོའི་བར༽དགོན་པ་བཏབ་སྟེ་མཚན་བཀྲ་ཤིས་བསམ་འགྲུབ་རབ་བརྟན་གླིང་ཞེས་གསོལ།   བཞག་སྡོམ་དཔོན་སངས་རྒྱས་བཟང་པོ་ཁུ་དབོན་གྱིས་བསྙེན་བཀུར་ཚད་མེད་པ་བྱས།  འདུ་ཁང་ཆེན་མོ་དང་གཟིམ་ཆུང་གསར་བཞེངས་མཛད།  ཕྱོགས་ཕྱོགས་ནས་གྲྭ་རྒྱུན་མང་པོ་འཛོམས་ཏེ་དགེ་འདུན་ཉིས་སྟོང་ལྷག་འདུས་ཞེས་མདོ་སྨད་ཆོས་འབྱུང་དུ་གསལ།
   སྟོང་འཁོར་སྐུ་ཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོར་ཕྱག་རྡོར་འབྱུང་འདུལ་དང་རྟ་མགྲིན་གྱི་དབང་དང་།   མགོན་པོ་ཕྱག་དྲུག་པ་སོགས་ཀྱི་རྗེས་གནང་བསྩལ་བས་ཁོང་ལ་བར་ཆད་ལས་གྲོལ་བའི་མཚན་མ་ཤར།   སྟོང་འཁོར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པའི་དབང་སོགས་བཀའ་ཆོས་མང་པོ་གསན།   དེ་ནས་རྗེ་སྟོང་འཁོར་པ་སོགས་ལ་གསང་བདག་གོས་སྔོན་ཅན་དང་རྣམ་སྲས་སེར་ཆེན་གྱི་རྗེས་གནང་།   རི་བོ་དགེ་ལུགས་པའི་ཟབ་ཆོས་འཇམ་དབྱངས་ཆོས་སྐོར་ཡོངས་རྫོགས།    རྗེའི་ལམ་རིམ་ཉམས་མགུར་དང་རྟོགས་བརྗོད་འདུན་ལེགས་མ།     རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་སོགས་རྒྱས་ཁྲིད་གནང་བས་མཁས་པའི་གྲགས་པ་འབར།    སྟོང་འཁོར་པས་《མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེ་ལ་བསྟོད་པ་ལྷའི་རྒྱུད་མང》ཞེས་པ་མཛད།   ཕྱིས་སུ་ཡང་རྗེ་འདི་པས་བདེ་མཆོག་ལཱུ་དྲིལ་གཉིས་ཀྱི་དབང་།  མགོན་བཀའ་བཅུ་གསུམ་དང་བཀའ་གདམས་ལྷ་བཞིའི་རྗེས་གནང་།  བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་།   ཀྱེ་རྡོར་དང་ཕྱག་རྡོར་འཁོར་ཆེན་སོགས་ཀྱི་དབང་དང་།   གསང་འདུས་བསྐྱེད་རྫོགས་ཀྱི་ལུང་།   སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་གནང་། 
རྗེ་འདིས་མཛད་པའི་གསུང་རྩོམ་གྱི་རིམ་པ་ནི།    སྟོན་པ་ཤཱཀྱ་མུ་ནིའི་རྟོགས་བརྗོད།   རྗེ་བླ་མའི་རྟེན་འབྲེལ་བསྟོད་པའི་འགྲེལ་པ།   རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་སྤྲིན་བཟང་།   བདེ་མཆོག་སྨོན་ཊཱིཀ   རབ་དཀར་དགེ་ཚོགས་མའི་བསྡུས་དོན།   སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་སོགས་རྨད་དུ་བྱུང་བའི་ལེགས་བཤད་ཇི་སྙེད་ཅིག་ཡོད་ཚོད་འདུག་ཀྱང་དེང་སང་མཚན་ཙམ་ལས་མཐོང་རྒྱུ་ཤིན་ཏུ་དཀོན་ལ།   དེང་སྐབས་མཐོང་ཡུལ་དུ་གྱུར་པ་ནི་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་མེ་ཏོག་ཆུན་པོ་ཡིན་ནོ།  །གསུང་རྩོམ་འགའ་རེ་རྒྱལ་ཁང་རྩེ་པ་སོགས་དབུས་ཀྱི་མཁས་པ་མང་པོས་གཟིགས་པས་བསྔགས་བརྗོད་མཛད།   སྐུ་གཤེགས་པའི་གདུང་སྟོང་འཁོར་སྤྲུལ་པའི་སྐུས་ཞུགས་འབུལ་གནང་།   གདུང་ལ་དུང་དཀར་གསུམ་ཐུགས་ལྗགས་སྤྱན་གསུམ།   རིང་བསྲེལ་མང་དུ་བྱོན།  རྗེ་འདིའི་འདས་པའི་ལོ་ཚིགས་གསལ་བོར་མ་ཤེས་སོ།   །
    གསུམ་པ།     རྟོགས་བརྗོད་ངོ་མཚར་མེ་ཏོག་ཆུན་པོའི་ནང་དོན་དབྱེ་ཞིབ།
རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་མེ་ཏོག་ཆུན་པོ་ནི་ར་རོང་པ་ངག་དབང་ཆོས་གྲགས་རྒྱ་མཚོས་ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་དབུ་བཙུགས་ཤིང་།   ཁོང་ཉིད་དགུང་ལོ་ཞེ་གཉིས་པ་རབ་བྱུང་དགུ་པའི་ལྕགས་ཕོ་སྤྲེལ༼སྤྱི་ལོ༡༥༦༠ ༽ལོར་མཛོད་དགེའི་ཡུལ་གྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་རབ་བརྟན་གླིང་དུ་བརྩམས་གྲུབ་པ་ཞིག་ཡིན་ལ།  འདིའི་ནང་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཆ་ཚང་བ་ཞིག་ཚིགས་བཅད་རྐྱང་པའི་ལམ་ནས་བསྟན་ཡོད།   གཞུང་དངོས་ལ་ལེའུ་ཞེ་གཅིག་གིས་གིས་གྲུབ་ཅིང་ཁྱོན་བསྡོམས་ཚིགས་བཅད་ཤོ་ལོ་ཀ་སུམ་སྟོང་ལ་ཉེ་བ་བཞུགས་ཤིང་།   གཞུང་དོན་ཡོངས་རྫོགས་བསྡོམས་སུ་བསྡུས་ན།
ཀ   མ་འོངས་པར་སངས་རྒྱས་པ་དང་ལུང་བསྟན་པའི་སྐོར།
འདི་ལེའུ་བཞི་བཅུ་པ་སྤྲུལ་པའི་སྐུར་སངས་རྒྱས་པ་དང་།  ཞེ་གཅིག་པ་ལུང་བསྟན་སྣ་ཚོགས་པའི་མེ་ཏོག་བཅས་ལེའུ་གཉིས་ཀྱིས་བསྟན་ཡོད།
ཁ།  སྐུ་འཁྲུངས་པ་དང་རབ་ཏུ་བྱུང་བའི་སྐོར།
    འདི་ལེའུ་དང་པོ་སྐུ་འཁྲུངས་པ་དང་གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པ་དང་།  གཉིས་པ་ཁྱིམ་ནས་ཁྱིམ་མེད་པར་ངེས་པར་འབྱུང་བ་ཡོངས་སུ་བླངས་པ།  གསུམ་པ་དོན་ཆེན་པོའི་གནས་ལ་ཐོག་མར་ཞུགས་པའི་མེ་ཏོག་བཅས་ལེའུ་གསུམ་གྱིས་བསྟན་ཡོད།
ག   མདོ་ཕྱོགས་གཙོས་རིག་པའི་གནས་མཐའ་དག་ལ་སྦྱངས་པ། 
འདི་ལེའུ་བཞི་པ་གཙོ་བོར་བྱམས་ཆོས་རྣམས་ལ་མང་དུ་གསན་པ་དང་།    ལྔ་པ་མཉམ་མེད་རེད་མདའ་པ་ཐོག་མར་བསྟེན་ནས་མངོན་པ་དང་དབུ་མ་གསན་པ།     དྲུག་པ་དམ་པའི་ཆོས་འདུལ་བ་གསན་ཅིང་གསུང་གི་བདུད་རྩི་དང་པོར་བསྩལ་པ།   བདུན་པ་མངོན་པ་གོང་མ་དང་ཚད་མ་གཙོ་བོར་གསན་པ།   བརྒྱད་པ་ཕ་རོལ་ཕྱིན་པའི་སྡེ་སྣོད་ལྷག་མ་རྣམས་གསན་པ་དང་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་པའི་མེ་ཏོག་བཅས་ལེའུ་ལྔས་བསྟན་ཡོད།
ང་།  བསྙེན་པར་རྫོགས་པ་དང་སྔགས་ཕྱོགས་ལ་གཙོ་བོར་སྦྱངས་པ།
འདི་ལེའུ་དགུ་པ་དགེ་སློང་གི་སྡོམ་པ་བླངས་པ་དང་།   བཅུ་པ་ལེགས་བཤད་གསེར་ཕྲེང་བརྩམས་པ་དང་ཆོས་འཁོར་རྒྱ་ཆེར་སྐོར་པ།    བཅུ་གཅིག་པ་སྔགས་ཀྱི་ཐེག་པ་ལ་མང་དུ་ཐོས་པ་བཙལ་བའི་མེ་ཏོག་བཅས་ལེའུ་གསུམ་གྱིས་བསྟན་ཡོད།
ཅ།  སྒོམ་སྒྲུབ་ལ་འབད་པས་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བརྙེས་ཤིང་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ།
འདི་ལེའུ་བཅུ་གཉིས་པ་བླ་མ་ཡི་དམ་དབྱེར་མེད་སྒོས་དཀའ་གནས་ལ་དཔྱོད་པ།   བཅུ་གསུམ་པ་འཇམ་དབྱངས་ཨ་ར་པ་ཙ་ན་ཞལ་གཟིགས་པ།    བཅུ་བཞི་པ་བསགས་སྦྱངས་དང་དག་པའི་སྣང་བ་འབར་བ།   བཅོ་ལྔ་པ་རྫིང་ཕྱིའི་བྱམས་པ་ཞིག་གསོ་དང་འདུལ་ཁྲིམས་ལེགས་པར་ཚུགས་པའི་རྟེན་འབྲེལ་མཛད་པ།    བཅུ་དྲུག་པ་ལྷོ་བྲག་བྲ་བོ་དགོན་དུ་རྗེ་བཙུན་ནམ་མཁའ་རྒྱལ་མཚན་དང་མཇལ་ཏེ་ངོ་མཚར་སྣང་བ་དང་རྨད་བྱུང་ལུང་བསྟན་མཛད་པ།    བཅུ་བདུན་པ་གྲོ་ལུང་པའི་བསྟན་རིམ་ཆེན་མོ་གཟིགས་པ་དང་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་པ།    བཅོ་བརྒྱད་པ་རང་ཉིད་སྟོན་པ་གཉིས་པར་གྱུར་ཏེ་གཞན་ཕན་སྣ་ཚོགས་མཛད་པ།     བཅུ་དགུ་པ་གཉལ་དུ་ཆོས་འཁོར་ཆེན་མོ་མཛད་པ་དང་དཀའ་བཅུ་དར་མ་རིན་ཆེན་སློབ་མར་གྱུར་པ།    ཉི་ཤུ་པ་འཕགས་པ་ཡབ་སྲས་ལྔའི་རྗེས་སུ་བཟུང་ནས་ཟབ་མོའི་ལྟ་བ་ལ་སྒྲོ་འདོགས་ལེགས་པར་ཆོད་པ།    ཉེར་གཅིག་པ་རྒྱ་སོག་ཕུར་ཕྱོགས་བཅུའི་སངས་རྒྱས་ཞལ་གཟིགས་པ་དང་ཉང་པོ་མདང་མདོའི་དགོན་པར་ཆོས་འཁོར་སྐོར་པ།    ཉེར་གཉིས་པ་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཞི་ལྷག་གི་བཤད་པ་མཛད་པ།     ཉེར་གསུམ་པ་འདུལ་བསྟན་དག་ཐེར་དང་ལེགས་པར་བཤད་པའི་རྒྱ་མཚོ་བྱང་ཆུབ་ལམ་རིམ་ཆེན་མོ་བརྩམས་པ།    ཉེར་བཞི་པ་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་བརྩམས་པ།    ཉེར་ལྔ་པ་སེ་ར་ཆོས་སྡིངས་སུ་དབུ་མ་རྩ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་དང་དྲང་ངེས་ལེགས་བཤད་སྙིང་པོ་བརྩམས་པ་དང་རྒྱ་ནག་རྒྱལ་པོའི་སྤྱན་འདྲེན་པ་བྱུང་བ།   ཉེར་དྲུག་པ་སེ་ར་ཆོས་སྡིངས་དང་སྐྱིད་སྨད་གྲུམ་བུ་ལུང་དུ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བ་དང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་ཞལ་སློབ་ཏུ་གྱུར་པའི་མེ་ཏོག་བཅས་ལེའུ་བཅོ་ལྔས་བསྟན་ཡོད།  
ཆ།  སྨོན་ལམ་ཆེན་མོ་བཙུགས་པ་དང་དགོན་སྡེ་ཆགས་འདེབས་མཛད་པ་སོགས་ཀྱི་རིམ་པ་བརྗོད་པ།
འདི་ལེའུ་ཉེར་བདུན་པ་ར་ས་འཕྲུལ་སྣང་དུ་ཆོ་འཕྲུལ་ཆེན་མོའི་མཆོད་པ་སྨོན་ལམ་དུ་གྲགས་པ་མཛད་པ་དང་།    ཉེར་བརྒྱད་པ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པ།  ཉེར་དགུ་པ་འོལ་ཁ་བསམ་གཏན་གླིང་དུ་རྒྱུད་སྡེ་མཐའ་དག་གི་གནད་འགྲོལ་རུང་བའི་མཚན་མ་ཁྱད་པར་ཅན་གཟིགས་པ།   སུམ་ཅུ་པ་རྒྱུད་དོན་མངོན་ཏུ་གྱུར་ནས་ལེགས་པར་བཤད་པའི་གཏེར་ཆེན་པོ་རིམ་ལྔ་གསལ་བའི་སྒྲོན་མེ་བརྩམས་པ།   སོ་གཅིག་པ་བདུད་བཏུལ་པ།  སོ་གཉིས་པ་མཐར་ཐུག་པའི་འབྲས་བུ་མངོན་དུ་མཛད་པ་ངོ་མཚར་རྨད་དུ་བྱུང་བའི་ལྟས་དང་བཅས་པ།    སོ་གསུམ་པ་བཀྲ་ཤིས་དོ་ཁར་ཆོས་འཁོར་བསྐོར་བ་དང་དགེ་ལྡན་དུ་གསང་འདུས་འགྲེལ་པ་བཞི་སྦྲགས་སོགས་རྩོམ་པ་གནང་པ།    སོ་བཞི་པ་རྨད་དུ་བྱུང་བའི་གཙུག་ལག་ཁང་རྟེན་དང་བཅས་པ་བཞེངས་པ།    སོ་ལྔ་པ་མདོ་སྔགས་ཆོས་འཁོར་ཟབ་ལ་རྒྱ་ཆེ་བ་བསྐོར་བ།    སོ་དྲུག་པ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པའི་མཛད་པ་ཁྱད་པར་དུ་བརྗོད་པའི་མེ་ཏོག་བཅས་ལེའུ་བཅུས་བསྟན་ཡོད།
ཇ།  མྱ་ངན་ལས་འདས་པའི་ཚུལ་བསྟན་པ་སོགས།
འདི་ལེའུ་སོ་བདུན་པ་གསུང་གི་མཐའ་མ་བསྩལ་ཏེ་གདུལ་བྱ་སྨིན་གྲོལ་ལ་བཀོད་པ།    སོ་བརྒྱད་པ་མྱ་ངན་ལས་འདས་པའི་མཛད་པ།   སོ་དགུ་པ་དགོངས་པ་ཡོངས་སུ་རྫོགས་པར་མཛད་པའི་མེ་ཏོག་བཅས་ལེའུ་གསུམ་གྱིས་བསྟན་ཡོད་དོ།  །
    བཞི་པ།       རྟོགས་བརྗོད་ངོ་མཚར་མེ་ཏོག་ཆུན་པོའི་ཁྱད་ཆོས་མདོར་བསྟན།
   ༡  བརྗོད་བྱ་དོན་གྱི་ཁྱད་ཆོས།
          ཀ   དོན་གྱི་གནད་འདུས་པ།
གཞུང་དེ་ཉིད་ལས། དཀོན་མཆོག་ཞིང་ལ་བསོད་ནམས་ས་བོན་དང་། །དམ་ཆོས་འཛིན་པའི་རླབས་ཆེན་སྨོན་ལམ་དག །རང་གི་བཞིན་དུ་གཞན་མང་འགྲོ་དོན་དུ། །ལེགས་པར་འདེབས་པའི་རྣམ་ཐར་བསྔགས་པར་འོས། །།ཞེས་པས་རྗེ་བླ་མ་དགུང་ལོ་ང་གསུམ་ས་གླང་ལོར་ཆོ་འཕྲུལ་མཆོད་པའི་གནས་ཚུལ་བསྡུས་པ་དང་།  ཡང་།  རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་འདུས་པ་ཡི། །སྙིང་པོའི་མཐར་ཐུག་ཟབ་ལམ་རིམ་པ་ལྔ། །ལེགས་པར་གསལ་བའི་སྒྲོན་མེ་རྩོམ་བཞེད་ནས། །འཇམ་དབྱངས་བླ་མར་ཤུགས་དྲག་གསོལ་བ་བཏབ། །དམ་པ་རྣམས་ནི་མཛད་པ་བཟང་པོའི་མགོར། །ལྷག་པའི་ལྷ་ལ་ཆེད་ཀར་གསོལ་བ་འདེབས། །དགེ་བའི་ཐུགས་ཀྱིས་འདུན་པ་སྔོན་བཏང་ནས། །ཟིན་བྲིས་མཛད་ཚེ་མཆོག་གི་གནང་བ་བྱུང་། །ཞེས་པས་གསང་འདུས་རིམ་ལྔ་གསལ་སྒྲོན་བརྩམས་པའི་སྐོར་བསྟན་པ་ལྟ་བུའོ། །
          ཁ།  མཛད་ཆེན་དག་ལ་ཆེད་དུ་དཔྱད་པ།
འཛམ་གླིང་མཛེས་པར་བྱེད་པ་མངོན་རྟོགས་རྒྱན། །དེ་འགྲེལ་རྒྱལ་སྲས་བཟང་པོའི་གཞུང་དང་བཅས། །རྣམ་པར་བཤད་པའི་གསེར་གྱི་ཕྲེང་བ་ནི། །ལེགས་པར་སྤེལ་འདྲའི་བསྟན་བཅོས་རྩོམ་པར་གནང་། །དེ་ནི་ཐུབ་པའི་གསུང་རབ་མ་ལུས་པའི། །དོན་ལ་རྣམ་པར་དཔྱོད་པའི་རྣམ་གྲངས་སྒོ། །མང་ཞིག་ཉིད་ཀྱི་ཐུགས་ལ་འཁྲུངས་པ་ནི། །ཁ་བའི་དུམ་ཀྲུག་མཁའ་ལ་འཁྲིགས་པ་བཞིན། །ཞེས་པས་ལེགས་བཤད་གསེར་ཕྲེང་མཛད་ཚུལ་དང་གདེང་འཇོག         དེ་ནས་ཡོངས་རྫོགས་བསྟན་པ་རིན་ཆེན་གྲུའི།  །དེད་དཔོན་མཆོག་དེ་རང་ཉིད་བྱང་ཆུབ་ཏུ། །ལེགས་པར་གཤེགས་པའི་ལམ་གྱི་ཕྲེང་བ་སྤེལ། །གང་དེ་འཛམ་གླིང་མཛེས་པའི་རྒྱན་གཅིག་ཡིན། །བྱང་ཆུབ་ལམ་གྱི་རིམ་པ་དེ་ཉིད་ཀྱིས། །སྐལ་ལྡན་མ་ལུས་རྫོགས་པའི་སངས་རྒྱས་སར། །ཇི་ལྟར་འཁྲིད་པའི་ཚུལ་ལུགས་རྒྱས་པར་སྟོན། །གང་འདི་འཇིག་རྟེན་དག་ན་སངས་རྒྱས་བཞིན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རིན་ཆེན་བཞི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་ནི། །ལེགས་པར་དྲིལ་ཏེ་ཀླུ་སྒྲུབ་ཐོགས་མེད་སྲོལ། །ཉེས་པ་མེད་པའི་དཔལ་ལྡན་ཁྱོད་ཀྱིས་མཛད། །ཅེས་བྱང་ཆུབ་ལམ་རིམ་ཆེན་མོའི་ཆེ་བ་མདོར་བསྟན་པའོ།  །
          ག   གོ་རིམ་མ་འཁྲུགས་ཤིང་ཆ་ཚང་བ།
  གཞུང་འདིས་རྗེ་བླ་མ་སྐུ་བལྟམས་པ་ནས་བཟུང་།   སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ།   གཞུང་ལུགས་མང་དུ་ཐོས་པ།   ཐོས་དོན་ཉམས་སུ་བླངས་པ།   བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པ།   མཐར་སྐུ་མྱ་ངན་ལས་འདས་པ་སོགས་དོན་གྱི་གོ་རིམ་མ་འཁྲུགས་ཤིང་མཛད་རྣམ་ཆ་ཚང་བར་བསྟན་ཡོད་དོ།  །
          ༢   རྗོད་བྱེད་ཚིག་གི་ཁྱད་ཆོས།
          ཀ   རྒྱན་ཕུན་སུམ་ཚོགས་པས་བརྒྱན་པ།
གང་གི་ཞབས་མཐིལ་གུར་ཀུམ་གསར་པའི་ཚོན། །ཉེར་འཕོས་བཀྲ་ཤིས་ལྡན་པའི་རྡུལ་ལ་ཡང་། །རྒྱལ་བ་རྣམས་ཀྱི་རལ་བས་གུས་བཏུད་པ། །བློ་བཟང་གྲགས་པའི་དཔལ་ཁྱོད་གཙུག་ན་རྒྱལ། །རྨད་བྱུང་མཁྱེན་དང་བརྩེ་བའི་གཏེར་མངའ་བ། །འཇམ་དབྱངས་གཞོན་ནུ་རལ་བའི་ཁུར་དོར་ནས། །དགེ་སློང་ངུར་སྨྲིག་འཛིན་པའི་ཟློས་གར་ལ། །ཉེར་སྟོན་རྗེ་བཙུན་བླ་མས་འགྲོ་འདི་སྐྱོངས། །ཞེས་དང་། མང་དུ་ཐོས་པའི་རལ་བ་སེར་སྐྱ་ནི། །རྣམ་པར་བསྐྱོད་ཅིང་རིགས་པའི་རྔ་སྒྲ་སྒྲོགས། །སྒྲུབ་དང་སུན་འབྱིན་སྤར་མོའི་ཤུགས་འཆང་བས། །ཕྱིར་རྒོལ་གླང་ཆེན་དྲེགས་པའི་ཀླད་འགེམས་ཤིང་། །བློ་གསལ་རི་དྭགས་རྗེས་འཛིན་ལེགས་བཤད་ཀྱི། །སྒྲ་དབྱངས་སྙན་སྒྲོགས་རྣམ་དཔྱོད་གདོང་ལྔ་དང་། །བསླབ་གསུམ་ལུས་ཀྱི་སྟོབས་རྒྱས་རལ་བ་ཅན། །ཏིང་འཛིན་རི་ཡི་སུལ་དུ་གནས་བཅས་ནས། །ཐབས་དང་ཤེས་རབ་རྩལ་ནི་རབ་རྫོགས་ཤིང་། །མངོན་ཤེས་མིག་དམར་ཕྱོགས་བཅུར་ལྟ་བྱེད་པ། །སྨྲ་བའི་སེང་གེའི་གང་དེ་མཁན་པོའོ། །ཞེས་སོགས་ལ་སྙན་ངག་གི་གཞུང་ལས་བྱུང་པའི་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱིས་རྣམ་པར་བརྒྱན་ཡོད་དོ།  །
         ཁ།   ཁོར་ཡུག་ཞིབ་འབྲི་བྱས་པ་ཕུན་སུམ་ཚོགས་པ།
དེ་ནས་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །རེག་ན་བདེ་བའི་རྩྭ་དང་ལོ་མ་སྣུམ། །སྣ་ཚོགས་འབྲུ་སྨིན་སྨན་གྱི་ཁྱད་པར་མང་། །རོ་ནུས་ཁ་དོག་སྣ་ཚོགས་ཡིད་དགར་འོང་། །གཡུ་ཡི་ལྗོན་ཤིང་ཡལ་ག་ལྡེམ་པའི་རྩེར། །དཔྱིད་ཀྱི་ཕོ་ཉ་མགྲིན་པ་བཀུག་ནས་ནི། །གྲོགས་དག་འོངས་པ་ལེགས་ཞེས་བརྗོད་པ་འདྲ། །ནགས་ཚལ་བཟང་པོ་དཔྱིད་ཀྱི་དཔལ་དང་ལྡན། །ལྗོན་ཤིང་ཕྲེང་བས་ཕྱོགས་ཀུན་བསྐོར་བ་བཞིན། །ཤུག་པའི་རྒྱལ་མཚན་མཐོན་པོ་མཁའ་ལ་བསྙེགས། །ཡལ་ག་གདུགས་ཀྱི་དཀྱིལ་འཁོར་ཕུབ་པ་ལྟར། །ལོ་མ་ནེ་ཙོའི་གཤོག་པ་བརྐྱང་བ་འདྲ། །འབྲས་བུ་མང་པོའི་གཡུར་གྱི་རྣམ་པར་འདུད། །ཆུ་མིག་བརྒྱ་ཕྲག་ཆུ་རྒྱུན་དོ་ཤལ་ཐོགས། །བཀོད་མའི་ཆུ་བཟང་གནམ་དུ་ཁྲོལ་འདྲ་ཡོད། །གོར་མ་བསྐྱེད་པའི་ཆབ་སྒྲ་སྙན་སྒྲོག་པའི། །ཆུ་ཀླུང་གཞན་དག་ལྷུང་ལྷུང་འབབ་པར་སྣང་། །པདྨ་དཀར་པོ་གངས་རི་རྒོད་པ་བཞིན། །ཨུཏྤལ་སྣ་ཚོགས་བྱེད་པོས་སྤྲུལ་པ་བཞིན། །ཆུ་སྐྱེས་སྔོན་པོ་མཁའ་ཡི་མཛེས་པ་འཕྲོག །གསེར་གྱི་འདབ་སྟོང་སྦྲང་རྩིའི་མགོ་ལྕོག་ལྡེམ། །རྐང་དྲུག་པ་རྣམས་པི་ཝང་བརྡུང་བ་བཞིན། །བུང་བའི་ན་ཆུང་སྙན་དངགས་སྒྲོག་པ་བཞིན། །ལུ་མའི་འགྲམ་ན་ངང་པ་སྐད་སྙན་སྒྲོག །ངུར་བ་རབ་མཛེས་གདངས་སྙན་ཅ་ཅོ་སྤེལ། །བྱེའུ་སྣ་ཚོགས་གླིང་བུ་བསྒྱུར་བ་བཞིན། །རྒྱུན་ཆགས་བག་ཕེབས་མགྲིན་པའི་རོལ་རྩེད་བྱེད། །ཨུཏྤལ་མིག་ཅན་རི་དྭགས་ཕྲུ་གུ་རྣམས། །མགྲིན་པ་སྐྱོགས་ནས་ནགས་ཚལ་བལྟ་བ་བཞིན། །གང་དེ་ལྷ་ཡི་དགའ་ཚལ་འཕོས་པ་འདྲ། །ཞེས་སོགས་ཀྱི་ནེའུ་གསིང་དང་།   ལྗོན་ཤིང་།    མེ་ཏོག    འབབ་ཆུ།   མཚོ་རྫིང་སོགས་ཀྱི་རྣམ་པ་ཞིབ་འབྲི་བྱས་པ་གསོན་ཉམས་ལྡན་པ་ལྟ་བུའོ།  །
འདི་དག་ནི་མཚོན་པ་ཙམ་སྟེ་གཞུང་ལས་བྱུང་བའི་དཔེ་མང་དུ་དྲངས་ཏེ་ཁྱད་ཆོས་འདྲ་མིན་བཤད་ན་ཤིན་ཏུ་མང་པར་འགྱུར་པས་མ་སྤྲོས་སོ།   །
                          མཇུག་བསྡུ་བ།
       དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ནམ་མཁའ་ལྟར་མཐའ་ཡས་ཤིང་རྒྱ་མཚོ་ལྟར་གཏིང་ཟབ་པ།   ས་ཆེན་པོའི་རྡུལ་ལྟར་གྲངས་མེད་པ་ཡོད་པ་མཐའ་དག་སར་གནས་ཀྱི་སེམས་དཔའ་ཆེན་པོ་དག་གི་སྤྱོད་ལས་ཀྱང་འདས་པ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟ་བུ་ལས།   ཚུར་རོལ་མཐོང་བའི་མོས་ངོ་དང་འཚམ་པར་བསྟན་པའི་མཛད་པ་རགས་རིམ་ཙམ་སྔོན་གྱི་དམ་པ་དག་གིས་བཀོད་པའི་རྣམ་ཐར་གྱི་ཡི་གེ་མང་དུ་ཡོད་ལས་མཁས་གྲུབ་རྗེ་དང་ར་རོང་པ།  ཆ་ཧར་བླ་མ།   ཐོ་ཡོན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན།   འབྲུག་རྒྱལ་དབང་བློ་བཟང་འཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་མཛད་པ་ནི་གཞན་ལས་ཕུལ་དུ་བྱུང་བས་རང་ཅག་ཕྱི་རབས་པ་རྣམས་ཀྱིས་རྣམ་ཐར་འདི་དག་ལ་སློབ་གཉེར་དང་འདི་དག་གི་རྗེས་སུ་ཞུགས་ཏེ་རང་གི་མི་ཚེ་དོན་ལྡན་དུ་བྱ་རྒྱུ་ནི་ཁོ་བོའི་སྙིང་གི་འདུན་པ་ཉག་གཅིག་གོ    །
   སྨྲས་པ།     དམ་པའི་རྣམ་ཐར་ཆ་ཤས་ཡོངས་སུ་རྫོགས།   །
                 ཚིག་དང་རྒྱན་གྱི་རི་བོང་གཟུགས་ཀྱིས་མཛེས།  །
                 སྐལ་ལྡན་དང་བ་འདྲེན་པའི་འོད་རྣོན་པོས།  །
                 དད་གུས་ཀུན་ད་བཞད་པའི་མཐའ་མ་རིག    །

ཟུར་ལྟའི་ཡིག་ཆ།
༡  རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའི་རྒྱན་ངོ་མཚར་མེ་ཏོག་ཆུན་པོ།     ར་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོས་བརྩམས།    མི་རིགས་དཔེ་སྐྲུན་ཁང་།    ༢༠༡༥        ༧
༢  ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ།   འབྲུག་རྒྱལ་དབང་ཆོས་རྗེས་བརྩམས།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༡    ༡༡
༣    རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡ — ༤༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་།    ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   ༢༠༡༥    ༡༡
༤       རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྡུས་ལེགས་བཤད་འོད་ཀྱི་སྣང་བ། ༼༡ — ༥༽
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་བསྒྲིགས།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༦   

      ≪谈宗喀巴传•正法花鬘≫
本文系2014年国家社科基金项目≪藏传佛教格鲁派思想发展及现状研究≫批准号14XZJ004阶段性成果之一。

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།