ཀྲུང་གོ་བོད་ཀྱི་དྲ་བ།

ཉག་ཆུ་ཁའི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1501136310920635.jpg

སྔོན་འགྲོའི་གཏམ།

དེ་ཡང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་རང་གི་ལོ་རྒྱུས་གསལ་པོ་ཞིག་མ་གོ་ན་ནགས་ཀྱི་སྤྲེའུ་ཉིད་དང་ཁྱད་པར་མེད་པ་ལྟར། སྤྱིར་འཛམ་གླིང་གི་ལོ་རྒྱུས་དང་གནས་བབ་སོགས་མ་གོ་རུང་མ་མཐའ་ཡང་རང་ས་རང་ཡུལ་གྱི་ལོ་རྒྱུས་དང་རིག་གནས་ལ་ཆ་རྒྱུས་ཤིག་དགོས་ངེས་ཡིན་པས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བོད་ཡིག་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་མིང་གི་འབྱུང་ཁུངས་ལ་དཔྱད་པ་གཙོས་པའི་རྫོང་ཁག་སོ་སོའི་གནས་ཚུལ་རགས་བསྡུས་དང་། རྫོང་གླུ།ལམ་སྒྲོན། རིག་གནས།ཡུལ་སྐོར་བཅས་པར་རིས་དང་སྦྲགས་པའི་ཆེད་བསྒྲིགས་ལེ་ཚན་ཞིག་རྒྱ་ཆེ་བའི་གཟིགས་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པར་མ་ཟད། ད་དུང་འཕྲིན་ཕྲན་སྤྱི་སྟེགས་ནས་རང་གི་ཆེས་དགའ་བའི་རྫོང་དང་གྲོང་ཁྱེར་ལ་བསྟོད་པའི་འདེམས་ཤོག་ཀྱང་འཕང་ཆོག་ལ་དཔྱད་གཏམ་ཡང་གཞག་ཆོག་པ་རེད།

ཉག་ཆུ་ཁ་ཞེས་པའི་མིང་གི་འབྱུང་ཁུངས།

ཉག་ཆུ་ཁ་ཞེས་པའི་མིང་གི་འབྱུང་ཁུངས། ས་དེ་ནི་ཉག་རོང་ཁོག་ནས་འབབ་པའི་གཙང་པོའི་འགྲམ་ལ་ཡོད་པས་ཉག་ཆུ་ཁ་ཟེར་ཞིང་། རྫོང་ཆགས་པ་ནས་བཟུང་ཉག་ཆུ་རྫོང་ཞེས་ཟེར་རོ།།

1501136310367204.jpg

གུར་གུམ་སྟེང་།

ཉག་ཆུ་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་ལ། ཤར་དུ་དར་མདོ་རྫོང་དང་། ལྷོ་མཚམས་སུ་མུ་ལི་རྫོང་། ལྷོ་ནུབ་ཏུ་ལི་ཐང་རྫོང་། ནུབ་ཕྱོགས་སུ་རྟའུ་དང་ཉག་རོང་རྫོང་དང་འབྲེལ་ཡོད། རྫོང་ཡོངས་ལ་ཡུག་སྦྲེལ་ས་ཁུལ4དང་གྲོང་རྡལ1ཤང་ཁག16  གྲོང་གསེབ113ཡོད།མི་གྲངས49474ལྷག་ཙམ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7681.5ཡོད།

ཉག་ཆུ་རྫོང་གྲོང་གསུམ་ཤང་དུ་སྡེ་ཚྭ་ཤར་གྱི་མཆོད་རྟེན་ཞེས་པ་ཞིག་ཡོད། དེ་ནི་ཆིང་རྒྱལ་རབས་ཀྱི་དུས་སུ་བཞེངས་པར་གྲགས། མཆོད་རྟེན་ནི་རྡོ་ལས་བརྩིགས་པ་ཞིག་ཡིན་ལ་རིང་ཚད་ལ་རྨི3.5དང་ཞེང་ཚད་ལ་རྨི3.5མཐོ་ཚད་ལ་རྨི6བཅས་ཡོད།

1501136310879388.jpg

སྡེ་ཚྭ་ཤར་གྱི་མཆོད་རྟེན།

གནས་ཆེན་ཕག་མོ་རི་ནི་ཉག་ཆུ་རྫོང་ཨོ་རོང་གཤིས་ཀྱི་ནང་ཁུལ་དུ་རྫོང་དང་སྤྱི་ལེ39རྒྱང་བའི318ལམ་གྱི་གཡས་ལོགས་སུ་གནས་ཡོད། རི་བོའི་ངོས་སུ་ཐང་ཤིང་དང་གསོམ་ཤིང་སོགས་སྟུག་པོར་འཁྲིགས་ནས་ཚང་ཚིང་གི་ནགས་ཚལ་གྲུབ་ཡོད་པར་མ་ཟད།དེའི་ནང་དུ་རི་དྭགས་གླ་བ་དང་ནགས་བེའུ།གཅན་གཟན་དོམ་དང་གཟིགའདབ་ཆགས་བྱ་དཀར་དང་ཁོ་ལོང་།ཙི་རས།འཇོལ་མོ་སོགས་མང་པོ་གནས་ཡོད།དུས་ཡུན་རིང་པོར་མི་རྣམས་ཀྱིས་དེ་དག་ལ་གནོད་འཚེ་མ་བཏང་བས་ཕན་ཚུན་ཞི་མཐུན་གྱིས་གནས་ཡོད་ལ།འདབ་ཆགས་རྣམས་ཅི་འདོད་གང་དགའ་ཡིས་མི་རྣམས་ཀྱི་ལག་པ་དང་ཕྲག་པའི་ཐོག་ལ་བབས་ཏེ་ཁ་ཟས་ཟ་བར་བྱེད།

1501136311578361.jpg

ཕག་མོ་གླིང་།

གནས་རི་དེའི་སྐོར་ལམ་གྱི་གཡས་གཡོན་དུ་རྡོ་འདྲ་མིན་སྣ་ཚོགས་ཐོག་ལ་མ་ཎི་རང་བྱོན་དང་།  རྡོའི་མཁར་རྔ་རང་གྲགས།སྲིད་པའི་ནས་འབྲུ།ཕག་མགོ་རང་བྱོན།བྱ་རྒྱལ་གྱི་སྒོ་ང་། ཕག་མོའི་སྐུ། སྒྲོལ་སྐུ་རང་བྱོན།རྡོ་རྗེ་ཕག་མོ་རང་བྱོན།ཨོ་རྒྱན་པད་ཞྭ་སོགས་སུ་གྲགས་པའི་རང་བྱུང་ལྷུན་གྱིས་གྲུབ་པ་ཧ་ཅང་མང་པོ་ཡོད།དེ་མིན་ཕག་མོའི་གསང་གནས་སྒྲུབ་ཕུག་དང་འཆི་ཁ་བར་དོའི་གནས་སྒོ།རྨི་ལམ་བར་དོའི་གནས་སྒོ།བསམ་གཏན་བར་དོའི་གནས་སྒོ།མཁའ་འགྲོའི་བྲོ་ར་སོགས་ངོ་མཚར་བ་བགྲང་ལས་འདས་པ་མཇལ་རྒྱུ་ཡོད་དོ།།

ཉག་ཆུ་རྫོང་མགར་ར་གྲོང་དུ་གནའ་བོའི་དུར་གླིང་ཞིག་ཡོད། དེ་ནི་ཆིང་དང་ཧན་རྒྱལ་རབས་དུས་ཀྱི་དུར་ས་སྟེ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ600ཙམ་ཡོད། རོ་སྒམ་ནི་ལི་སྨི3དང4བར་གྱི་རྡོ་ལེབ་རྣམས་ཀྱིས་བརྩིགས་པ་ཞིག་ཡིན་ལ། དེའི་ནང་རྫ་ཆས་དང་ཟངས་ཆས་སོགས་ཐོན་ཡོད།

1501136311716471.jpg

ཉག་ཆུ་རྫོང་མགར་ར་གྲོང་གི་གནའ་བོའི་དུར་གླིང་།

1501136311400155.jpg

དུར་ས་ནས་རྙེད་པའི་ཟངས་ཆས།

1501136311775601.jpg

གུར་གུམ་སྟེང་གི་རྗེས་ཤུལ།

རྒྱལ་ལམ318ཀྱི་ལྷོ་ཕྱོགས་སུ་ཉག་ཆུ་རྫོང་གི་མགོ་ལོག་སྟོད་ཅེས་ཁམས་པའི་ཕོ་སར་གྱི་གྲོང་སྡེར་གྲགས་པའི་ས་ཆ་ཞིག་ཡོད།གནས་དེ་ནི་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ས་ཚུགས་གཙོ་བོ་ཞིག་ཡིན།གུར་གུམ་སྟེང་ཞེས་སྙན་པའི་གྲགས་པ་འབར་བའི་མཛེས་ལྗོངས་དེ་ནི་མགོ་ལོག་གི་རི་མགོར་གནས་ལ། གུར་གུམ་མེ་ཏོག་ཧ་ཅང་མང་པོར་བཞད་པའི་གནས་མཆོག་ཅིག་ཡིན་པས་མིང་དེ་ལྟར་ཐོགས། གྲོང་པ་ནས་རྟ་ལ་བཅིབས་ཏེ་འགྲོ་ན་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་གུར་གུམ་སྟེང་ལ་བསླེབས། གུར་གུམ་སྟེང་ནི་རི་མགོར་གཅལ་དུ་བཀྲམ་བའི་རྩྭ་ཐང་ཞིག་ཡིན་ལ་ཕྱོགས་བཞིའི་རི་བོ་རྣམས་ཀྱིས་དེའི་ཕྱོགས་སུ་ཁ་འཁོར་བས་པད་མའི་གདན་དང་འདྲ་ལ་ཐང་ངོས་སུ་ཉི་མའི་མཚོ་དང་ཟླ་བའི་མཚོ་ཞེས་གཡུ་ཡི་མེ་ལོང་ལྟ་བུའི་མཚེའུ་གཉིས་ཡོད།གཡས་ལོགས་སུ་ནགས་ཚལ་གྱི་དཀྱིལ་དུ་ཀྲུང་གོའི་ས་བཀྲ་དང་དངོས་སུ་མཚུངས་པའི་སྤང་ཐང་ཞིག་ཡོད་ལ་དེའི་ཐོག་གི་རྟ་ནོར་ལུག་གསུམ་ནི་ཀྲུང་གོའི་ས་ཁུལ་སོ་སོའི་རྟགས་མཚན་དང་འདྲ། གཡུ་ཡི་མེ་ལོང་དང་འདྲ་བའི་མཚོ་དང་གནའ་བོའི་གཟི་ཉམས་མཚོན་པའི་ཁང་ཤུལ། དྲི་ཞིམ་རྣམ་པར་འཐུལ་བའི་མེ་ཏོགསྤུ་སྡུག་རྣམ་པར་མཛེས་པའི་འདབ་ཆགས། བོད་མིའི་གནའ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ཀྱིས་ཡུལ་སྐོར་བ་རྣམས་ཀྱི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད་དོ།།

1501136311202172.jpg

གུར་གུམ་སྟེང་གི་རྗེས་ཤུལ།

སྤྱི་ལོ2012ལོའི་ཟླ་བ8པའི་ནང་རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན། དགེ་རྒན་ཆེན་མོ་བ་ཝུན་ཡུས་ཁྲེང་ལགས་ཀྱིས་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་དུ་གནའ་རྫས་རྟོག་ཞིབ་གནང་སྐབས་གུར་གུམ་སྟེང་གི་གནའ་ཤུལ་རྙིང་པ་ཞིག་ལས་བུད་པའི་རྫ་བཟོས་འདྲ་འབག་འབོར་ཆེན་ལ་རྟོག་ཞིབ་ནན་པོ་གནང་རྗེས།གནའ་རྫས་དེ་དག་ནི་དུས་རབས་དགུ་པ་ཙམ་གྱི་བོན་ནག་རྒྱལ་ཁབ་ཀྱི(白狼国)གནའ་རྫས་ཡིན་པའི་ངོས་འཛིན་གནང་། གུར་གུམ་སྟེང་ལ་རྒྱ་ཁྱོན་སྨི8000ཙམ་ཡོད། དེའི་ཐོག་མཁར་ཤུལ་ཞིག་རལ30ཙམ་ཡོད་ཅིང་ས་གནས་དེའི་མི་ཚོས་ཀྱང་དེའི་དུས་རབས་དང་ལོ་རྒྱུས་ཤེས་བཞིན་མེད། ལོ་ཤས་སྔོན་དུ་ཚོང་པ་ཞིག་གིས་མཁར་ཤུལ་དེའི་དགོན་ཤུལ་ཞིག་བརྐོས་པས་དེ་ལས་རྫ་ལས་བཟོས་པའི་མིའི་འདྲ་གཟུགས་མང་དག་ཐོན། རྗེས་སུ་དངོས་པོ་དེ་རྣམས་དགོན་གསར་དགོན་དུ་བཞག་པས་དགོན་པས་ཉར་ཚགས་ལེགས་པོར་གནང་།

1501136311292717.jpg

གུར་གུམ་སྟེང་ནས་རྙེད་པའི་འཇིམ་བག

དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་ས་གནས་དེ་གར་རྟོག་ཞིབ་གནང་སྐབས་དངོས་པོ་དེ་རྣམས་ལ་བརྟག་དཔྱད་ནན་པོར་གནང་། གནའ་རྫས་བུད་སའི་དགོན་ཤུལ་དུ་ད་དུང་རྫ་བཟོས་གནའ་རྫས་ཐོར་པོ་ཁ་ཤས་མཐོང་ཐུབ་པ་དང་། མཁར་ཤུལ་དེ་དག་ནང་ལ་གསོམ་སྡོང་མཐོ་ཚད་སྨི15ཙམ་དང་ཞེང་ཁ་སྨི3ཙམ་ཡོད་པ་རྣམས་སྐམ་ནས་ལོག་འདུག་པ་ཁོ་ན་ལ་དཔྱད་ན་མ་མཐའ་ཡང་ལོ་ལྔ་བརྒྱ་དྲུག་བརྒྱ་སོང་ཡོད་པ་ཤེས། དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་ངོ་སྤྲོད་གནང་རྒྱུར། སྤྱིར་བོན་ནག་ཅེས་པའི་ཚོ་པ་དེ་གནའ་བོའི་ཚོ་པ་ཞིག་ཡིན། རྒྱ་ཡིག་གི་ཧན་རྒྱལ་རབས་ཀྱི་ལོ་རྒྱུས་ནང་བཀོད་པ་ལྟར་ན། དེང་མཚོ་སྔོན་མགོ་ལོག་གི་བ་ཡན་རི་བོའི་ཕྱོགས་ནས་དར་བ་ཞིག་རེད། ཏུང་ཧན་དུས་ནས་ཁོ་ཚོ་ལྷོ་ཕྱོགས་སུ་སྤོས་ཏེ་ད་ལྟའི་འབའ་ཐང་སོགས་སུ་བསླེབས། བོན་ནག་དང་རྒྱ་ནག་བར་ཏུང་ཧན་ནས་བཟུང་ཕན་ཚུན་ཇ་ཚྭ་དར་གོས་སོགས་བརྗེ་རེས་བྱེད་པའི་ལོ་རྒྱུས་ཡོད་ལ་ད་དུང་བོན་ནག་གི་ཕོ་ཉས་རྒྱ་ནག་རྒྱལ་པོར་སྙན་རྩོམ་ཞིག་ཀྱང་ཕུལ་བའི་ལོ་རྒྱུས་རྒྱ་ནག་ཡིག་ཚང་ནང་བཀོད་ཡོད།

1501136311111849.jpg

གུར་གུམ་སྟེང་ནས་རྙེད་པའི་རུས་ཆས།

ཉག་ཆུ་རྫོང་གི་མགོ་ལོག་ཀྱང་བོན་ནག་ཚོ་པ་སྡོད་སའི་ས་གནས་གཙོ་བོར་གྱུར། ད་ལྟ་ལའང་ས་གནས་དེ་ལ་མགོ་ལོག་ཟེར། བོད་བཙན་པོས་བོན་ནག་རྒྱལ་ཁབ་དབང་དུ་བསྡུས་རྗེས་བོན་བོད་འདྲེས་ནས་འགྱུར་བ་ཆེན་པོ་བྱུང་ཞིང་དུས་རབས10པ་ནས་བོན་ནག་གི་ལོ་རྒྱུས་ཁ་གསལ་པོ་ཞིག་མཐོང་རྒྱུ་མེད་པར་གྱུར། ད་ཐེངས་ས་འོག་ནས་བུད་པའི་གནའ་རྫས་ནི་དུས་རབས9པ་ཙམ་གྱི་བོན་ནག་མིའི་འཚོ་བ་དངོས་མཚོན་པའི་རྫ་བཟོས་མིའི་འདྲ་འབག་དང་རུས་ཆས། རིན་པོ་ཆེའི་རིགས་སོགས་ཡོད། ཁོ་ཚོའི་སྐྲ་འཇོག་སྟངས་ཀྱང་སྔོན་གྱི་བོད་བཙན་པོའི་དུས་སྐབས་ཀྱི་སྐྲ་འཇོག་སྟབས་དང་ཧ་ཅང་འདྲ། ཉག་ཆུ་རྫོང་གི་ལོ་རྒྱུས་ནང་དུའང་ཏུང་ཧན་དུས་སུ་ཉག་ཆུའི་ཤར་ལྷོ་ཕྱོགས་ནི་ནོར་ཕྱུགས་རྒྱལ་པོའི༼ད་ལྟའི་གཡག་རྔའི་ཧན་ཡོན་དང་ཞི་ཁྲང་སོགས་ལ་ཟེར༽ས་གནས་ཡིན་ཞིང་ཉག་ཆུའི་ལྷོ་ཕྱོགས་ན་བོན་ནག་རྒྱལ་པོའི་ས་གནས་ཡིན། ཐང་རྒྱལ་རབས༼ སྤྱི་ལོ667ལོར ༽ཉག་ཆུའི་ཤར་ལྷོའི་ས་ཆ་ཚང་མ་བོད་བཙན་པོའི་ས་གནས་སུ་གྱུར་ཞེས་བཀོད་ཡོད།།   ༼དཀོན་མཆོག་རྡོ་རྗེ། ༽

1501136311679570.jpg

གུར་གུམ་སྟེང་ནས་རྙེད་པའི་རུས་ཆས།

1501136311824332.jpg

གུར་གུམ་སྟེང་ནས་རྙེད་པའི་འཇིམ་བག

1501136311395140.jpg

ཉག་ཆུ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

ཉག་ཆུ་རྫོང་རྫོང་གྲོང་གི་ལམ་སྒྲོན་གྱི་ཁྱད་ཆོས་གཙོ་བོ་ནི་ལམ་སྒྲོན་གྱི་གཞུང་རྟའི་རྩེ་མོར་འདུས་ཡོད་ཅིང་། པད་མའི་གདན་གི་སྟེང་ལ་མ་ཎིའི་འཁོར་ལོ་དང་། དེའི་ཐོག་མེ་ཏོག དེའི་ཐོག་ནོར་བུ་མེ་འབར། དེའི་ཐོག་མཆོད་རྟེན་གྱི་ཏོག་གིས་བརྒྱན་ཡོད། ལོ་རིས་ཀྱིས་སྤུད་པའི་སྒྲོན་སྟེགས་ཤིག་འཕྲེད་དུ་བརྐྱངས་ཤིང་བལྟས་པ་ཙམ་གྱིས་བོད་ཀྱི་ཐུན་མིན་རིག་གནས་དང་ས་གནས་རིག་གནས་ཀྱི་ཤན་ཆེན་པོ་ཞུགས་ཡོད་དོ།།  

ཁམས་པའི་བོད་ཡིག་དྲ་བའི་འཕྲིན་ཕྲན་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།