ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་དགེའི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1501749205790685.png

སྡེ་དགེའི་མིང་གི་འབྱུང་ཁུངས།

སྡེ་དགེ་ཞེས་པ་ནི་སྡེ་བ་བཞི་དང་དགེ་བ་བཅུ་ལྡན་པའི་ས་ཆ་ཡིན་པས་མིང་དེ་ལྟར་བཏགས་པ་དང་ས་དེ་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་རྫ་ཟལ་མོ་སྒང་སྟེ་འབྲི་ཆུ་དང་རྫ་ཆུ་གཉིས་ཀྱི་བཞུར་རྒྱུན་དུ་ཆགས་པའི་ས་ཆ་ཞིག་ཡིན།

1501749205798614.png

སྡེ་དགེ་ཞེས་པའི་ས་མིང་ཐོགས་ཚུལ་སྐོར་ལ《སྡེ་དགེ་རྒྱལ་རབས》ལས།སྒོམ་སྟོན་དམ་པ་བསོད་ནམས་རིན་ཆེན་ནི། །གཙུག་ལག་ཟུང་གི་གཞུང་ལ་མཁྱེན་རབ་རྒྱས། །ཡ་རབས་སྤྱོད་ཚུལ་མཛངས་པའི་ཡོན་ཏན་ལྡན། །གང་དེས་བོད་ཀྱི་ཤཱཀྱ་ཐུབ་པ་ཆེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྐྱ་བ། །འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་པད་དུ། །བཅར་ཚེ་འཕགས་མཆོག་ཆོས་ཀྱི་རྒྱལ་པོ་ཡིས། །ཞལ་ནས་སྡེ་བཞི་དགེ་བཅུའི་ཡོན་ཏན་གྱིས། །ཕྱུག་པའི་སྐྱེས་བུ་ཕེབས་ཞེས་བཀའ་བསྩལ་བས། །སྡེ་དགེ་ཞེས་པའི་མཚན་ཀྱང་དེ་ནས་ཐོགས། །ཞེས་པ་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྡེ་དགེའི་རྒྱལ་རབས་ཉེར་དགུ་བ་བསོད་ནམས་རིན་ཆེན་ལ་སྡེ་བཞི་དགེ་བཅུའི་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་བུ་ཞེས་རབ་མཐོའི་ལུང་རྟགས་བསྩལ་ལ།

1501749206723999.png

དེ་ནས་སྡེ་དགེ་རྒྱལ་པོ་བསོད་ནམས་རིན་ཆེན་ཁོང་གིས་མངའ་མཛད་སྐབས་སྡེ་དང་བསྟན་སྲིད་ལ་དགེ་བ་འགྱུར་བས་ས་ཡུལ་གྱི་མིང་ཡང་སྡེ་དགེ་ཞེས་ཐོགས། སྡེ་དགེ་རྒྱལ་པོའི་རྒྱལ་རབས་ལ་རྒྱལ་རབས་ང་བཞི(སྤྱི་ལོ1020ནས་སྤྱི་ལོ1950བར)བརྒྱུད་ཡོད་ལ། སྐབས་དེའི་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་སྡེ་དགེ་དང་འདན་ཁོག   དཔལ་ཡུལ། སེར་ཤུལ། ཐང་ཕུག་བཅས་རྫོང་ཁག་ལྔ་ཡོད་ལ་དེའི་དུས་སུ་ཡུལ་གྲུ་འདི་ཚང་མའི་སྤྱི་མིང་ལ་སྡེ་དགེ་ཞེས་འབོད་པར་གྲགས།

1501749206239728.png

སྡེ་དགེ་རྫོང་གི་གནས་ཚུལ་མདོར་བསྡུས།

སྡེ་དགེ་རྫོང་ཁོངས་སུ་ཆོས་ལུགས་ཀྱི་ཕྱོགས་ནས་བོན་དགོན་གྱི་གཙོ་གནས་སུ་བརྩི་བའི་སྟེང་ཆེན་དགོན་དང་།རྙིང་མ་བའི་མ་དགོན་དུ་འཇོག་པའི་རྫོགས་ཆེན་དགོན་པ་དང་ཞེ་ཆེན་དགོན་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་རབ་བྱུང་བརྒྱད་པའི་ས་འབྲུག་ལོར་བཏབ་པའི་དགོན་ཆེན་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭ། བཀའ་བརྒྱུད་པའི་གཙོ་གནས་དཔའ་སྤུངས་དགོན་དང་བཅས་དགོན་པ་ཆེ་ཆུང་དྲུག་ཅུ་ལྷག་ཡོད་པ་དང་། ཡུལ་ཁམས་འདི་ན་འཚོ་བའི་མི་རྣམས་ཀྱི་སེམས་ཁམས་དང་ཡུལ་གཤིས་ལ་མཐུན་པའི་རིག་གནས་འབོར་ཆེན་ཞིག་མངའ་བར་མ་ཟད། ཤིན་ཏུ་ནས་བརྗོད་རིན་ཡོད་པ་དང་གླེང་རིན་ཡོད་པ་ནི་སའི་གོ་ལའི་སྟེང་ནའང་ཆེས་ཆེར་དཀོན་པའི་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ལྟ་བུའི་སྡེ་དགེ་པར་ཁང་ཆེན་མོ་དང་།

སྡེ་དགེའི་སྒྲུང་པ་ཨ་ཉིད།

སྡེ་དགེའི་སྒྲུང་པ་དིལ་ཆུང་དཔལ་ཆེན།

བོད་གངས་ཅན་གྱི་ཡུལ་ལམ་ཡང་ན་འཛམ་གླིང་གི་རིག་པའི་དགའ་ཚལ་དུ་སྙན་པའི་གྲགས་ཆ་གཡོ་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་མི་སྣ་གཙོ་བོ་སྐྱེས་མཆོག་དམ་པ་ཇོ་རུ་སྐུ་ཉིད་ཀྱི་འཁྲུངས་ས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་ཟེར་བ་དེ་ཡིན་ནོ།། 

རྒྱལ་ཚའི་དངུལ་ཆུ་ཁྲོ་རྫོང་གི་རྗེས་ཤུལ།

སྡེ་དགེར་བོད་བརྒྱུད་ནང་བསྟན་དར་ཁྱབ་ཤིན་ཏུ་ཆེ་ཞིང་གྲུབ་མཐའ་ཆེན་པོ་ལྔ་མཉམ་གནས་སུ་ཡོད་པ་དང་། སྡེ་དགེའི་ལྕང་རའི་ལྷ་འོང་ཐང་དུ་ཆགས་ཡོད་པའི་གླིང་གི་དཔའ་ཐུལ་རྒྱ་ཚའི་དངུལ་ཆུ་ཁྲོ་རྫོང་གི་རྗེས་ཤུལ་ཡོད་པ་དང་། དེ་མིན་སྡེ་དགེར་གནའ་བོའི་དུར་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱང་ཡོད་དོ།།

སྡེ་དགེ་པར་ཁང་ཆེན་མོ།

སྡེ་དགེ་པར་ཁང་སྤྱི་ལོ1792ལོར་སྡེ་དགེ་ཡུལ་གྱི་རྒྱལ་པོ་སྐྱེ་ཕྲེང12པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་གསར་དུ་བཞེངས་པ་ཡིན་ལ།ཡུལ་གྱི་རྒྱལ་པོ་མི་རབས3རིང་གིས་ལོ་ངོ27སྤྱད་རྗེས་གཞི་ནས་ཐོག་ཁང3དང་འོག་ཁང་གཅིག་དང་།འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5450ཡོད་པའི་པར་ཁང་འདི་བསྐྲུན་པ་རེད།

1501749207520029.png

པར་ཁང་འདིར་དཔར་ཤིང་མཛོད་ཁང་དང་།ཆོས་དཔེ་སྐེམ་སའི་ཐོག་ཁང་།དཔར་ཤིང་བཀྲུ་སྟེགས།མཆོད་ཁང་སོགས་ཡོད་པ་རེད།མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་པའི་དགོན་སྡེའི་བཟོ་བཀོད་དང་སྐུ་འདྲའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་འཇིམ་རྐོས་སྒྱུ་རྩལ་གྱི་ངོ་མཚར་ཆེ་བའི་ལག་རྩལ་མངོན་ཡོད་པ་དང་།པར་ཁང་གི་འདུ་ཁང་ཕྱི་ནང་གི་སྨི་གྲུ་བཞི་མ་སྟོང་ལ་ཉེ་བའི་གནའ་བོའི་ལྡེབས་རིས་ཀྱིས་ཀརྨ་སྒར་བྲིས་ལུགས་ཀྱི་ཁྱད་འཕགས་སྒྱུ་རྩལ་གྱི་གྲུབ་འབྲས་དང་ཁྱད་ཆོས་སོགས་མངོན་ཡོད་པ་རེད།

པར་ཁང་གི་རྩ་ཆེ་ཤོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོའི་ནང་བདམས་ཐོན་བྱུང་ཡོད་པའི་བོད་ཀྱི་པར་ཤིང་པར་འདེབས་ལག་རྩལ་གྱིས་བརྐོས་པའི་བོད་ཡིག་གི་བསྟན་བཅོས་ཀྱི་པར་ཤིང་ཁྲི32ལྷག་ཙམ་དང་བོད་རིས་པར་ཤིང་འབོར་ཆེན་ཉར་ཚགས་བྱས་ཡོད་པ་དེ་རེད།

པར་ཤིང་འདི་ཚོའི་ནང་དུ་བོད་ཀྱི་རིག་གནས་ཀྱི་བསྟན་བཅོས70%ཡན་འདུས་ཡོད་ལ།དེ་དག་གི་ནང་དུ་ནང་བསྟན་རིག་གཞུང་དང་། གསོ་བ་རིག་པ། ཚད་མ་རིག་པ། སྐར་རྩིས་སོགས་འདུས་ཡོད། འདིར་དཔེ་ཆ་ཉར་ཚགས་བྱས་གྲངས་དང་བྱས་རིགས་ནི་རང་རྒྱལ་བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་གྱི་ཨང་དང་པོ་རེད།

སྡེ་དགེ་པར་ཁང་ནི་སྤྱི་ལོ1996ལོར་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་བཞག་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་ཁག་བཞི་པའི་གྲས་སུ་ཚུད་པ་རེད།ད་ལྟར་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་འཇུག་པར་རེ་ཞུ་བྱེད་བཞིན་ཡོད་དོ།།

སྨན་ཤོད་བོད་བརྒྱུད་དམངས་ཁྲོད་བཟོ་རྩལ་ཆོལ་ཁ།

སྡེ་དགེའི་སྨན་ཤོད་ནི་ཐག་རིང་ལུང་ཁུག་ན་གནས་ཀྱང་གྲོང་སྡེ་ཕལ་བ་གཞན་དང་མི་འདྲ་སྟེ། དེར་རྫ་ནག་དང་བལ་ཁུ་བསླས་འཐག  ཟངས་རྡུང་། ཐང་ག  ཤིང་རྐོ། བོད་སྨན། བོད་སྤོས། གསེར་དངུལ་ལས་བཟོ། འཚེམ་དྲུབ་སོགས་བོད་བརྒྱུད་ལག་ཤེས་བཟོ་རྩལ་རིགས15ཡོད་ཅིང་། ཕུན་སུམ་ཚོགས་པའི་ལག་རྩལ་ནི་ང་ཚོའི་བློས་དཔོག་ལས་ཡོངས་སུ་འདས།

སྨན་ཤོད་ཀྱི་ལི་སྐུ།

སྨན་ཤོད་ཀྱི་ཐང་ག

སྨན་ཤོད་ཀྱི་བྱེད་ཐབས་དང་གནས་བབ་ལ་མིག་དཔེ་རང་བཞིན་ཡོད་ཅིང་འབྱུང་འགྱུར་ཕྱོགས་བསྡུས་ཀྱི་བོད་བརྒྱུད་སྲོལ་རྒྱུན་ལག་རྩལ་བཟོ་རྩལ་ས་ཁོངས་ཤིག་ཏུ་བརྩིས་ནས་རྒྱལ་ཁབ་ལ་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་གཞི་རེ་ཞུ་བྱ་འོས་པ་ཞིག་རེད།

1501749210640370.png

སྨན་ཤོད་ཀྱི་རྫ་ཆས།

སྨན་ཤོད་འཇམ་དབྱངས་དགེ་ལེགས་ཀྱི་རྫ་ནག་བཟོ་རྩལ་དང་།བཀྲ་ཤིས་དཔའ་མོའི་བལ་ཁུ་བསླས་འཐག་ལག་རྩལ།བཞག་ནང་ཉི་མའི་ཟངས་རྡུང་ལག་རྩལ།ཚེ་འཕེལ་གྱི་ཐང་གའི་བྲིས་རྩལ།ཚེ་དབང་ཕུན་ཚོགས་ཀྱི་ཤིང་རྐོས་ལག་རྩལ་སོགས་སྐད་གྲགས་ཆེ།

སྨན་ཤོད་ཀྱི་འཚེམ་དྲུབ་ཐོན་རྫས།

སྨན་ཤོད་ཀྱི་ཤིང་བརྐོས།

སྨན་ཤོད་ཀྱི་བསླས་འཐག་ཐོན་རྫས།

སྡེ་དགེའི་བོད་སྨན།

བྱང་ཟུར་སོགས་སྔོན་བྱོན་གསོ་རིག་མཁས་དབང་དག་གི་ཕྲིན་ལས་ལས་བྱུང་མདོ་ཁམས་འདིར་ཟུར་ལུགས་གཙོ་བོར་གྱུར་པའི་གསོ་རིག་གཞུང་ལུགས་ལག་ལེན་མན་ངག་བཅས་བསིལ་ལྗོངས་འདིར་ཁྱད་པར་བ་ཞིག་བྱུང་ལ་འཚོ་བའི་བརྒྱུད་རིམ་དུའང་འགྲོ་བ་ནད་པ་དང་བཅས་ལ་ཕན་འབྲས་གཡུར་དུ་སྨིན་པའི་ལྷོ་ལུགས་སམ་ཟུར་ལུགས་ཅེས་པ་བྱུང་བ།

1501749211736348.png

སྡེ་དགེའི་སྨན་རམས་པ་བཟོད་པ།

བར་སྐབས་སུ་ཤར་ཀཿཐོག་བའི་ཀ་དམ་པ་སློབ་རྒྱུད་བཅས་ཀྱིས་ལྔ་རིག་གི་བཤད་གྲྭ་དང་དེ་རྗེས་སི་ཏུ་པན་ཆེན་དང་མི་ཕམ་པས་ཤར་དཔལ་སྤུངས་སུ་སྨན་གྲྭ་བཙུགས་ནས་རིམ་བཞིན་སྨན་ལས་དར་ཞིང་རྒྱས་པར་བྱུང་བར་མ་ཟད་གསོ་རིག་མཁས་ཅན་དུ་མ་བྱུང་ཡོད།སྡེ་དགེ་བོད་སྨན་ཁང་གིས1980ལོར་མུ་ཏིག་བདུན་ཅུ་དང་རིན་ཆེན་གྲངས་སྦྱོར་སོགས་བོད་སྨན་རྩ་ཆེན་བཟོས་ཤིང་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྡེ་ཚན་གཙོ་བོའི་གྲས་སུ་ཚུད་ཡོད།

1501749211163439.png

སྨན་ཕྱེ།

ཡིད་ལྷུང་ལྷ་མཚོ། 

ཡིད་ལྷུང་ལྷ་མཚོ་ནི་ཁྲོ་ལའི་འདབས་ཀྱི་ཁྲོན་བོད་གཞུང་ལམ་གྱི་འགྲམ་དུ་གནས་ཤིང་ཆུ་མགོ་མཚོ་ལའི་འཁྱགས་ཀླུང་དང་མཚོ་མཇུག་མཚོ་ཆུའི་ཆུ་མགོར་གྲུབ།གངས་རི་དང་འཁྱགས་ཀླུང་། ནགས་རི། རྩྭ་ཐང་གིས་ཕྱུག་ཅིང་འདབ་ཆགས་དང་རི་དྭགས། ཉ་མོ་སོགས་བག་ཕེབས་སུ་གནས།མཚོ་འགྲམ་དུ་རྡོ་ཆེ་ཆུང་ལ་མ་ཎི་འབྲུ་རིགས་བརྐོས་ཡོད། ཡིད་ལྷུང་ལྷ་མཚོ་ཞེས་པའི་མིང་དང་འདྲ་བ་སེམས་པ་དེར་མི་ལྷུང་དབང་མེད་ཡིན་ནོ།།

ཨ་ཕྱུག་རྩྭ་ཐང་།

ཨ་ཕྱུག་རྩྭ་ཐང་ནི་སྡེ་དགེའི་བྱང་ཤར་སུ་གནས་ཤིང་རྫོང་གྲོང་ནས་སྤྱི་ལེ206ཡི་ལག་ཐག་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆུན་ཁྲི་བརྒྱད་དང་སྟོང་ལྔ་ལྷག་ཡོད།

རྩྭ་ཐང་ཡངས་ཤིང་བདེ་ལ་སྔོ་ཞིང་མཛེས་པ་དང་རི་བོས་ཡོངས་སུ་བསྐོར་ཡོད་པ་དང་ཉག་ཆུ་དཀྱིལ་དུ་བརྒྱུད་ཡོད། དེ་ཡང་འཁྲུངས་གླིང་མེ་ཏོག་ར་བ་ལས།

1501749212459960.png

1501749212434657.png

ས་འདི་སྐྱིད་སོས་ཡག་གི་མདོ།། ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད།། བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད།། སྤང་གཉིས་བལ་སྟན་བཏིང་འདྲ་ཡོད།། བྲག་སྦལ་བ་འདྲ་བའི་རྩ་བ་རེད།། ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད།།  ཅེས་དང་།

1501749213937878.png

ཨ་ཕྱུག་གི་གེ་སར་ལྷ་ཁང་།

རྟོགས་བརྗོད་མུ་ཏིག་ཕྲེང་བ་ལས། གླིང་ཅི་སྲིད(སྐྱིད་སོ)སྟག་མོའི་འདུས་མདོ་ན།། བྲག་རི་ལྷ་བཤོས་བཤམས་འདྲ།། ཆུ་གཉིས་ཆབ་མ་བརྡབ་འདྲ།། སྤང་རྟ་སྟན་འདྲ་བའི་གཞི་དཀྱིལ།། ཤུག་པ་གཡག་རྔ་འདྲ་བའི་གཡས་ཟུར།། ཆུ་མིག་ཕོར་བ་གང་འདྲ་བའི་གཡོན་ཟུར་ན།། ཐང་དཀྱིལ་འཁོར་བའི་གཞི་དཀྱིལ་ལ་ཞེས་གསུངས་པ་ལྟར་འཛམ་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་བཤད་པ་རྣམས་ཇི་བཞིན་བདེན་པར་ར་སྤྲོད་བྱེད་ནུས་པའི་ཡུལ་ལུང་ངོ་།།

རྡོ་ཕུ་ལུང་པ།

འདན་མའི་རྨོག

གེ་སར་དུས་ཀྱི་མདུང་མགོ།

སྡེ་དགེའི་དཔེ་ཝར་དགོན་པས་ཉར་ཚགས་བྱས་པའི་གེ་སར་དུས་ཀྱི་ཁྲབ་རྨོག

སྡེ་དགེའི་དཔེ་ཝར་དགོན་པས་ཉར་ཚགས་བྱས་པའི་གེ་སར་དུས་ཀྱི་ཕུབ།

སྡེ་དགེ་རྫོང་གི་རྡོ་ཕུ་ལུང་པ་ནི་སྤྱི་ལེ་གྲུ་བཞི་མ་བཅུ་གཅིག་དང་གྲངས་ཆུང་གཉིས་ཡོད་པའི་སྐྱེ་དངོས་གྱི་གྲོག་རོང་ས་ཁུལ་ཞིག་ཡིན་ཞིང་། དེ་ནི་སྨན་ཤོད་ཆུས་ཀྱི་ཧྱོ་པ་དང་ཕུ་མ།མདའ་མ་བཅས་སྲིད་འཛིན་ཤང་ཁག་གསུམ་འདུས་ཡོད་པའི་ས་ཆ་ཞིག་ཡིན།

དེའི་ལྷོ་ནུབ་ཀྱི་ས་མཚམས་དཔལ་ཡུལ་རྫོང་གི་གཏེར་ལྷུང་ཤང་དང་མཐའ་འབྲེལ་ནས་ཆགས་ཡོད་པའི་ས་ཆ་ཁྱད་འཕགས་ཅན་ཞིག་ཡིན་པ་རེད།  དེར་ཤྭ་སྐྱ་དང་ཤྭ་དམར། གླ་བ། གཉན། དྲེད་མོང་། རྣ་གཡག་ལ་སོགས་པའི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་གནས་ཡོད་པ་དང་མེ་ཏོག་གངས་ལྷ་སོགས་སྨན་རྩྭ་ཕུན་སུམ་ཚོགས་པོ་ཡོད་དོ།།

1501749214248280.png

སྡེ་དགེ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

སྡེ་དགེ་རྫོང་གྲོང་གི་ལམ་སྒྲོན་ནི་བུམ་གཟུགས་སུ་གྲུབ་ཅིང་གཞུང་རྟ་གསུམ་ཅན་དང་། སྒྲོན་ཁེབས་ནི་མ་ཎི་འཁོར་ལོའི་ཐོག་ལ་པད་མའི་འདབ་མས་བརྒྱན་པའི་ཚུལ་དུ་གནས་ཤིང་། མི་རིགས་ཀྱི་ཁྱད་ཆོས་མངོན་པའི་བཟོ་རིས་ཡོད་པས་དགེ་བཅུ་ཚང་བའི་ས་ཆ་དང་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པའི་རྟགས་མཚོན་དངོས་སུ་གྲུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།