ཀྲུང་གོ་བོད་ཀྱི་དྲ་བ།

རྗེ་ཙོང་ཁ་པ་དང་ཐང་ག་གསུང་བྱོན་མ།

ཡོང་ཁུངས། : ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྗེ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་སྙན་གྲགས་ཕྱོགས་བཞིར་ཁྱབ་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན། དེ་ཡང་ཁོང་གིས་ལྷ་སར་འགྲོ་དོན་མང་པོ་མཛད་ནས་བཞུགས་པས། སྐུ་ཚེའི་ཧྲིལ་པོར་ཕ་ཡུལ་ཨ་མདོ་ཙོང་ཁའི་ཡུལ་དུ་ཕེབས་ཐུབ་མེད། དེར་བརྟེན་ཁོང་གི་ཡུམ་གྱིས་རང་གི་བུ་ཆུང་དྲན་དྲགས་པའི་དབང་གིས། ཚོང་དཔོན་ནོར་བཟང་ལ་རང་ཉིད་ཀྱི་དབུ་སྐྲ་ལན་བུ་གཅིག་བསྐུར་ནས་རྗེ་རིན་པོ་ཆེར་ཕ་ཡུལ་དུ་ཕེབས་དགོས་པའི་ལན་བསྐུར་བ་རེད།

རྗེ་རིན་པོ་ཆེའི་ཕྱག་ཏུ་ཡུམ་གྱིས་བསྐུར་བའི་དབུ་སྐྲ་ལན་བུ་དང་ལན་ཇི་མ་ཇི་བཞིན་དུ་འབྱོར་ནའང་། སྐབས་དེར་དགེ་ལུགས་པའི་བསྟན་དོན་གནད་འགག་གི་དུས་སྐབས་ལ་ཁེལ་ཡོད་པས་ཡུམ་ལ་ཞལ་མཇལ་ཞུ་བར་ཕེབས་ཐུབ་མེད། ཡིན་ནའང་ཁོང་གིས་ཀྱང་ཡུམ་དྲན་པའི་དབང་གིས་ཐུགས་ལ་སྐྱོ་གདུང་གིས་ཁེངས་ནས་སྣ་ཁྲག་དོན། སྐབས་དེར་ཁོང་གིས་སྣ་ཁྲག་ལ་ཚོས་བསྲེས་ནས་ཞལ་ཐང་ཞིག་བྲིས་ཏེ། ཚོང་དཔོན་ནོར་བུ་བཟང་བོ་ལ་ཁྱེད་ཀྱིས་ཐང་ག་འདི་ཕ་ཡུལ་དུ་འཁྱེར་རོགས། ངའི་ཨ་མས་ཐང་ག་འདི་མཐོང་ཚེ། ང་མཐོང་པ་དང་ཨ་ན་མ་ན་ཡིན་ཞེས་གསུངས་པ་རེད།

ཚོང་དཔོན་ནོར་བུ་བཟང་བོའི་སེམས་ལ་ཞལ་ཐང་འདི་ནི་རིན་ཐང་བྲལ་བའི་ནོར་བུ་རྩ་ཆེན་ཞིག་ཡིན་པར་བསམས་ནས། གལ་ཏེ་ཁོང་གི་ཡུམ་ཆེན་ལ་སྤྲད་ན། བརླགས་སྲིད་པར་དོགས་ཏེ། ལམ་བར་དུ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་གནང་པའི་ཞལ་ཐང་དེ་དང་ཤིན་ཏུ་མཚུངས་པའི་ཐང་ག་ཞིག་བྲིས་པ་རེད། ཨ་མདོ་ཙོང་ཁའི་ཡུལ་དུ་བསླེབས་རྗེས། ལམ་དུ་བྲིས་པའི་ཐང་ག་དེ་རྗེ་རིན་པོ་ཆེའི་ཡུམ་ལ་ཕུལ། སྐབས་དེར། ཞལ་ཐང་སྟེང་གི་སྐུ་བརྙན་དེས་ཡུམ་ཆེན་ལ་ཨ་མ་ཨ་མ་ཞེས་ཐེངས་གསུམ་ལ་བོས་པས། ཡུམ་གྱི་ཐུགས་ཤིན་ཏུ་དགྱེས་པ་རེད། ཐང་ག་དེ་ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་ཉར་ཚགས་བྱས་ཡོད། རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་གནང་བའི་ཞལ་ཐང་དེ་ཚོང་དཔོན་ནོར་བཟང་གིས་ཁྱེར་ནས་ཁྭ་ཏའི་ཁ་བབས་དགོན་པ་ན་ཉར་ཚགས་བྱས་ཡོད་པ་དང་། ད་ལྟའང་མཇལ་ཐུབ། ཤོད་རྒྱུན་ལྟར་ན། གལ་ཏེ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་གནང་བའི་ཞལ་ཐང་དེ་ཡུམ་ཆེན་ལ་སྤྲད་ཡོད་ཚེ། ཁོང་གི་ཡུམ་ལ་ཉིན་ཞག་དྲུག་གི་རིང་ལ་ཁ་བརྡ་བྱེད་ཐུབ་པར་གསུངས།

རྗེ་རིན་པོ་ཆེ་མཆོག་གིས་བཞེངས་པའི་ཁོང་གི་ཞལ་ཐང་དེ་ད་ལྟ་ཁྭ་ཏའི་ཁ་བབས་དགོན་པའི་རྟེན་གཙོ་བོར་གྱུར་ཡོད་པ་མ་ཟད། ཕྱོགས་བཞིའི་ཡུལ་ནས་ཡོང་བའི་དད་ལྡན་མང་ཚོགས་ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་ནས་མཆོད་མཇལ་དང་གུས་ཕྱག་ཕུལ་སར་གྱུར་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།