རྒྱལ་ཁམས་ཕན་བདེ་འཁོར་ཆེན་ནམ་མ་ཎི་ཆུ་འཁོར་ཆེན་པོ།

  1.jpg

རི་མཐོ་ས་གཙང་བོད་ཀྱི་ཡུལ༎ ཆུ་བོ་ཀུན་གྱི་ཁུངས་སུ་བསྔགས༎

རྨ་ཆུ་ལུ་མས་རྒྱལ་ཁམས་བསྐྱངས༎ ཡན་ལག་བཞི་ཟུང་ཡོན་ཏན་འཛོམས།།

  དེ་ལ་བརྒྱ་བྱིན་དོག་ནས་མིག་སྟོང་གིས༎ དྭངས་གཙང་རྨ་ཆུ་འཚོལ་བའི་ལས་ལ་ངལ༎

རེ་ཞིག་ཁྲི་ཀའི་ཡུལ་དུ་རྙེད་ཅེས་པའི༎ གྲགས་སྙན་འཛམ་གླིང་སྐྱེ་བོ་ཀུན་གྱིས་སྨྲ༎

དེ་ཡང་རྒྱལ་ཁམས་ཕན་བདེ་འཁོར་ཆེན་ནི་ཁྲི་ཀ་གནའ་མཁར་གྱི་བྱང་ཕྱོགས་ཏེ། རྨ་ཆུ་སྔོན་མོའི་བྱང་འགྲམ་དུ་ཞལ་ལྷོ་རུ་བསྟན་ནས་བཞེངས་ཡོད། ཉེ་འཁོར་ཀུན་ཏུ་ནགས་ཚལ་དང་རྩི་ཤིང་སྣ་ཚོགས་ཀྱིས་བསྐོར་ལ།བྱ་དང་བྱེའུས་སྙན་པའི་ཅོར་དབྱངས་ཕྱོགས་སུ་འཐེན་བཞིན་ཡོད་པས། རང་བྱུང་བཀོད་པ་ཤིན་ཏུ་ཉམས་དགའ་བ་ཡོད། 

རྒྱལ་ཁམས་ཕན་བདེ་འཁོར་ཆེན་བཞེངས་སའི་ཡུལ་སྤྱི་ལ་རྨིད་༩༠ཡོད་པ་དང་། བཞེངས་སྐྲུན་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ་༡༢༠༠༠ལྷག་དང་། ཐེབས་དངུལ་དམངས་སྒོར་ས་ཡ་ལྔ་བཏང་ཡོད། བཞེངས་སྐྲུན་གྱི་ཞེང་ལ་རྨིད་༡༠དང་། མཐོ་ཚད་ལ་རྨིད་༤༣ཡོད། དབུ་སྟོད་གློག་ཤུགས་ཀྱིས་བསྐོར་བ་དང་སྨད་ཞབས་ཆུས་བསྐོར་བའི་མ་ཎི་ཆུ་འཁོར་ཆེན་པོ་ཞིག་ཡིན། དེ་ལས་གཞན་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁང་དང་། རྨ་ཆུའི་ཐོན་དངོས་འགྲེམས་སྟོན་ཁང་དང་། ཁྲི་ཀའི་ཡུལ་ལྗོངས་བརྙན་རིས་ཁང་། སྒྱུ་འཕྲུལ་རྫིང་བུ་བཅས་ཀྱིས་གྲུབ་ཡོད། དེ་ནི་འཛམ་གླིང་སྟེང་རྨ་ཆུས་བསྐོར་བའི་དཀྱིལ་ཞེང་ཆེས་ཆེ་ཞིང་མཐོ་ཚད་ཆེས་རིང་བའི་འཁོར་ཆེན་ཉག་གཅིག་ཡིན།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་མཚན་བྱང་ཕྱག་བྲིས་གནང་བ་དང་།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱི་ཁྲིན་བླ་མས་ཀྱང་རྒྱ་ཡིག་གི་མཚན་བྱང་ཕྱག་བྲིས་གནང་།  སྤྱི་ལོ་༢༠༡༢ལོའི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་བཞི་བཅུ་གདན་དྲངས་ནས་རབ་གནས་ཀྱི་མཛད་སྒོ་སྤེལ་བ་དང་ཆབས་ཅིག འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་གྲལ་དུ་ཚུད་ཡོད།

 2.jpg

མ་ཎི་འཁོར་ལོ།

རྒྱལ་ཁམས་ཕན་བདེ་འཁོར་ཆེན་ལ་མ་ཎི་ཆུ་འཁོར་ཆེན་པོ་ཞེས་ཀྱང་བྱ། སྤྱིའི་དབྱིབས་ནི་གཟུངས་སྔགས་ཡི་གེ་དྲུག་མའི་མཚོན་བྱེད་དེ། མ་ཎིའི་མཚོན་བྱེད་ནོར་བུ་རིན་པོ་ཆེ་དང་། པདྨའི་མཚོན་བྱེད་ཆུ་སྐྱེས་པདྨ་ལྟར། རྨ་ཆུ་སྔོན་མོར་པད་འདབ་ཟུང་ལྡན་གྱི་མེ་ཏོག་པདྨ་འཁྲུངས་པའི་སྟེང་དུ་དགོས་འདོད་ནོར་བུ་རིན་པོ་ཆེ་ལྷུན་གྱིས་གྲུབ་པའི་རྣམ་པའི་ཚུལ་དུ་བཞེངས་ཡོད། འཁོར་ཆེན་གྱི་ཚངས་ལ་རྨིད་ ༡༠དང་། མཐོ་ཚད་ལ་རྨིད་༤༣ཡོད། གཟུངས་བཞུགས་ལ་བཀའ་འགྱུར་ཚར་ཉིས་བརྒྱ་དང་། ཡི་གེ་དྲུག་མའི་གཟུངས་སྔགས་དུང་ཕྱུར་དྲུག་ཅུ་བཅས་ཡོད། འཁོར་ཆེན་གྱི་དབུ་སྟོད་གློག་གིས་བསྐོར་ཞིང་། སྨད་ཞབས་ཆུས་བསྐོར་གྱིན་ཡོད་ལ། དེ་ནི་ས་ལ་དགེ་བཅུ་འཛོམས་ཤིང་ཆར་ཆུ་དུས་སུ་འབབ་པ། ཡུལ་ཁམས་བདེ་ཞིང་སྐྱིད་པའི་སྨོན་འདུན་གྱི་མཚོན་བྱེད་ཡིན།

3.jpg

པད་གདན།

མ་ཎི་འཁོར་ཆེན་ནི་འདབ་མ་ཉིས་བརྩེགས་ཅན་གྱི་པད་འདབ་བཅུ་དྲུག་གི་སྟེང་དུ་བཞེངས་ཡོད་ལ། འདབ་མ་དེ་དག་ནི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་བཏེགས་ཡོད་པ་དང་འདྲའོ༎ ལྷག་པར་དུ་ཡུལ་ཕྱོགས་ཀུན་ཏུ་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པདྨ་འདབ་བརྒྱད་ཅེས་གྲགས་པ་ལྟར་བཀྲ་ཤིས་པའི་དགེ་མཚན་གྱིས་མངོན་པར་མཐོ་བའི་ཁ་གཡང་དང་དགེ་བའི་སྨོན་ལམ་གྱིས་སྣོད་བཅུད་ནམ་ཡང་མི་ཉམས་པའི་རྟེན་འབྲེལ་མཚོན་ཡོད།

4.jpg

མ་ཎི་ལག་འཁོར།

པད་འདབ་ཀྱི་རྨང་དུ་མ་ཎི་ལག་འཁོར་དྲུག་ཅུ་བསྐོར་ལམ་དང་བསྟུན་ནས་བཞེངས་ཡོད། ༼མ་ཎི་ལག་འཁོར་རེའི་ཞེང་ལ་ཀུང་ཧྥིན་༦༠དང་། མཐོ་ཚད་རྨིད་༡.༢ཡོད།༽ གྲངས་དྲུག་ཅུས་ལོ་རྒན་དྲུག་ཅུ་མཚོན་ཞིང་། མ་ཎི་ལག་འཁོར་རེའི་གཟུངས་བཞུགས་སུ་ཡིག་དྲུག་དུང་ཕྱུར་རེ་བཞུགས་ཡོད། བསྐོར་ཚད་གཅིག་ལ་མ་ཎི་དུང་ཕྱུར་དྲུག་ཅུ་བཏོན་པའི་ཕན་ཡོན་དང་འདྲ༎ འཁོར་ཁང་གི་མདུན་སྒོ་གཡས་གཡོན་ཏུ་རྡོ་གཡང་ཊིའི་ཕྲ་རྒྱན་བཏབ་པའི་རྒྱལ་ཆེན་རིགས་བཞིའི་བརྐོས་རིས་གསོན་ཉམས་ལྡན་པ་བཞེངས་ཡོད།

 5.jpg

གྲངས་བཅུའི་མཚོན་དོན།

མ་ཎི་འཁོར་ཆེན་གྱི་མཐོ་ཚད་ལ་རྨིད་བཅུ་གཏན་འཁེལ་གནང་ནས་བཞེངས་དོན་ནི། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རུ། ཤར་ཕྱོགས་ཉོན་མོངས་ཐམས་ཅད་སྐྱོབ་པ་ན།། སངས་རྒྱས་རྗེས་སྤྱོད་ཞབས་ལ་ཕྱག་འཚལ་ལོ།། ལྷོ་ཕྱོགས་མུན་ནག་ཚོགས་བཅོམ་ཞིང་ཁམས་ན།། སེམས་བསྐྱེད་ཡིད་མཛད་མངོན་འཕགས་ཕྱག་འཚལ་ལོ།། ནུབ་ཕྱོགས་ཡུལ་ཕེབས་ཞེས་བྱའི་ཞིང་ཁམས་ན།། འཁོན་དང་རྒྱགས་པ་རྣམ་གནོན་ཕྱག་འཚལ་ལོ།། བྱང་ཕྱོགས་སྤོབས་པ་ཅན་གྱི་ཞིང་ཁམས་ན།། རིན་ཆེན་གཟུགས་བཀོད་འོད་གནོན་ཕྱག་འཚལ་ལོ།། བྱང་ཤར་བདུད་ཀྱི་སྡེ་བཅོམ་ཞིང་ཁམས་ན།། ཡིད་གཉིས་ཀུན་འཇོམས་རྣམ་གནོན་ཕྱག་འཚལ་ལོ།། ཤར་ལྷོ་རྟག་ཏུ་སྣང་བའི་ཞིང་ཁམས་ན།། འཁོར་ལོས་སྒྱུར་བའི་དཔལ་ལ་ཕྱག་འཚལ་ལོ།། ལྷོ་ནུབ་གསེར་གྱི་དྲྭ་བས་གཡོགས་པ་ན།། རིན་ཆེན་གདུགས་འཕགས་སྣང་ལ་ཕྱག་འཚལ་ལོ།། ནུབ་བྱང་ཡོངས་དག་རབ་གནས་མངོན་འཕགས་ན།། བྱང་ཆུབ་སེམས་དཔའ་འདུལ་ལ་ཕྱག་འཚལ་ལོ།། སྟེང་ཕྱོགས་དམིགས་མེད་ཡིད་ལ་བྱེད་པ་ན།། སྐྲག་མེད་མུན་བྲལ་ཏིང་འཛིན་ཕྱག་འཚལ་ལོ།། འོག་ཕྱོགས་ཡོན་ཏན་ཐམས་ཅད་བརྒྱན་པ་ན།། ཐེ་ཚོམ་གཅོད་པར་མཛད་ལ་ཕྱག་འཚལ་ལོ།། ཞེས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་མ་ཎི་འཁོར་ཆེན་འདིར་ཞུགས་པའི་ཆེད་དུ་ཡིན་པ་མ་ཟད། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིས།། ཤཱཀྱ་གཞོན་ནུ་རབ་ཏུ་གསལ་བ་ལ།། ཕྱོགས་བཅུ་མུན་སེལ་བཀྲ་ཤིས་མཛད་པ་བཞིན།། བདག་ཅག་འཁོར་བཅས་བཀྲ་ཤིས་དོན་འགྲུབ་ཤོག། ཅེས་པའི་ཐུགས་སྨོན་ལྟར་སྐྱེ་འགྲོ་ཀུན་མི་མཐུན་པའི་རྐྱེན་ལས་གྲོལ་བའི་མཚོན་དོན་ཡང་ཡིན།

6.jpg

རྡོ་རྗེ་ཕྲེང་བའི་བརྐོས་རིས།

མ་ཎི་འཁོར་ཆེན་གྱི་སྟེང་ཕྱོགས་སུ་རྡོ་རྗེ་ཕྲེང་བའི་བརྐོས་རིས་དང་། དེའི་འོག་ཏུ་ལེགས་སྦྱར་གྱི་གཟུངས་སྔགས་ཡི་གེ་དྲུག་མ་ཆུང་ངུ་ཉེར་གཅིག་བྲིས་ཡོད། དེས་ནང་བསྟན་གྱི་ས་བཅུ་དང་ས་བཅུ་ཐོབ་པའི་སངས་རྒྱས་ཀྱི་འབྲས་བུ་མཚོན་ཡོད།

 7.jpg

འཁོར་ལོའི་བྱུང་འཕེལ།

མ་ཎི་འཁོར་ཆེན་གྱི་སྟོད་ངོས་སུ་སྟོན་པ་ཤཱཀྱ་ཐུབ་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག རྒྱལ་བ་རིགས་ལྔ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་ཅན་བཅས་ཀྱི་སྐུ་བརྙན་བཞེངས་ཡོད་ལ། དེ་དག་གིས་འཁོར་ལོའི་བྱུང་འཕེལ་མཚོན་ཡོད།

9.jpg

བཀྲ་ཤིས་རྟགས་བརྒྱད་དང་རྣམ་བཅུ་དབང་ལྡན།

མ་ཎི་འཁོར་ཆེན་གྱི་རྐེད་ངོས་སུ་བཀྲ་ཤིས་རྟགས་བརྒྱད་དང་། རྣམ་བཅུ་དབང་ལྡན་ཕན་ཚུན་འབྲེལ་མཐུད་ཀྱིས་བརྐོས་ཡོད་ལ། དེ་ཡང་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རུ། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ༎ སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ༎ ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ༎ སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ༎ ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས༎ མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ༎ ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག། ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ༎ བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག། རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ༎ དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཕོབས༎ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ཅེས་པའི་མཚོན་དོན་དང་འདྲའོ༎  

རྣམ་བཅུ་དབང་ལྡན་ནི་དཔལ་དུས་ཀྱི་འཁོར་ལོའི་གཟུངས་སྔགས་ལཉྫའི་ཡི་གེ་ཧ་ཀྵ་མ་ལ་ཝ་ར་ཡང་བརྩེགས་ནས་གྲུབ་པའི་རི་མོའི་གཟུགས་ཤིག་ཡིན། རྟེན་གཞལ་ཡས་ཁང་གི་འོག་གཞི་ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞི་ཡ་ར་ལ་ཝ་དང་། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ། རྟེན་བརྟེན་པའི་ལྷ་རྣམས་མཚོན་པའོ༎ གཞན་ཡང་རྣམ་བཅུ་དབང་ལྡན་གྱི་མཚོན་དོན་ནི། ས་ཆུ་མེ་རླུང་རི་རབ་སྟེ་སྟོན་པ་རྣམ་ལྔ་དང་། འདོད་གཟུགས་དང་། གཟུགས་མེད་དང་། ཉི་ཟླ་གཉིས་བཅས་གཡོ་བ་རྣམ་བཞི། ཀུན་ཁྱབ་སྒྲ་གཅན་ནམ་མཁའ་ལྡིང་དང་བཅས་བཅུ་པོ་དེ་འཇིག་རྟེན་གྱི་སྣོད་བཅུད་དུ་གྲུབ་པའི་གཞལ་ཡས་ཁང་གི་རྒྱན་དུ་སྤྲས་ན་རྟེན་འབྲེལ་གྱི་དགོས་པ་ཁྱད་པར་ཅན་ཡོད་པ་བཅས་སོ༎

 10.jpg

མཆོད་པའི་ལྷ་མོ་བཅུ་དྲུག

མ་ཎི་འཁོར་ཆེན་གྱི་སྨད་ཞབས་སུ་མཆོད་པ་འབུལ་མཁན་གྱི་ལྷ་མོ་བཅུ་དྲུག་གི་སྣང་བརྙན་བརྐོས་ཡོད་ལ། དེ་དག་ནི་ལང་ཚོ་དར་ལ་བབ་ཞིང་འབྱོར་སྒེག་རྣམ་པར་བཀྲ་བའི་དགུང་ལོ་བཅུ་དྲུག་གི་རྣམ་པ་ལྟར་བཞེངས་ཡོད།

11.jpg

སྒྱུ་འཕྲུལ་རྫིང་བུ།

གསེར་གྱི་ཕྱེ་མ་དང་འགྲོགས་པའི་རྨ་ཀློང་དལ་འབབ་རིང་མོས་མོས་གུས་ཆེན་པོས་ངང་རྒྱལ་ཁམས་ཕན་བདེ་ཀནུན་འབྱུང་འཁོར་ཆེན་གྱི་ཞབས་ལ་མཇལ་ཞིང་གཡས་སུ་བསྐོར་ནས་སྒྱུ་འཕྲུལ་རྙིང་བུར་བབས་པའི་དུས་མཚུངས་སུ། མངོན་མཐོ་བརྟན་བརླིང་གཟི་བྱིན་བླ་ན་འབར་བའི་མ་ཎི་འཁོར་ཆེན་དེ་ཉིད་ཀྱང་དྭངས་གཙང་རབ་གསལ་གྱི་མེ་ལོང་ལྟ་བུའི་སྒྱུ་འཕྲུལ་རྫིང་བུར་འཆར་ལ། སྣང་རིས་དེ་ཡང་འཇམ་ལྷོད་དལ་བུར་ལྡིང་བའི་བསིལ་རླུང་གིས་ཕྱག་མཇལ་བྱེད་ཐེངས་རེར། དཀྱིལ་ནས་མཐའ་རུ་སྐྱོམ་པའི་ཆུ་རིས་དང་འགྲོགས་ནས་སྐབས་རེར་གསལ་ལ་སྐབས་རེར་རབ་རིབ་ཏུ་འགྱུར། ལྟད་མོ་བ་རྣམས་ཀྱིས་འཇིག་རྟེན་བྱེད་པོས་ཆེད་དུ་བསྐྲུན་པའི་ངོ་མཚར་བའི་མིག་གི་དགའ་སྟོན་དུ་འཛིན་མོད། དོན་དམ་འཚོལ་བའི་དད་ལྡན་པ་རྣམས་ཀྱིས་དངོས་པོའི་རང་གཤིས་སྟེ། མི་རྟག་སྒྱུ་མའི་རང་བཞིན་གསལ་ལེར་སྟོན་པར་མཐོང་བ་སྟེ། དེ་ཡང་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས། སྐར་མ་རབ་རིབ་མར་མེ་དང་།།སྒྱུ་མ་ཟིལ་བ་ཆུ་བུར་དང་།། རྨི་ལམ་གློག་དང་སྤྲིན་ལྟ་བུ།། འདུས་བྱས་ཐམས་ཅད་དེ་ལྟར་ལྟ།།ཞེས་གསུངས་པ་ལྟར་དུ་གོ སྒྱུ་འཕྲུལ་རྫིང་བུར་འཆར་བའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་དེ་ཡང་གཞི་རྒྱ་ཆེ་ལ་བཀྲགས་མདངས་འཚེར་བར་མངོན། གཟིགས་བརྙན་རྒྱ་ཁྱོན་དུ་རྨིད་གྲུ་བཞི་མ་༡༦༨༠ཡོད་དེ། དེས་བསྐལ་ཆུང་གཅིག་ལ་མི་ལོ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བརྒྱད་ཡོད་པ་མཚོན་ལ། རྫིང་བུའི་མཐའ་བསྐོར་དུ་དར་ལྕོག༦༠ཡོད་པས་ལོ་རྒན་དྲུག་ཅུ་མཚོན་ཡོད་ཅིང་། བསྐལ་བའི་ཀུན་རྫོབ་དང་སྐད་ཅིག་མའི་བདེ་བ་ལས་འཇིག་རྟེན་བདེ་སྡུག་འབྱུང་བ་མངོན་པར་མཚོན།

12.jpg

ལྷ་ཁང་གི་བཀོད་པ།

རྒྱལ་ཁམས་ཕན་བདེ་འཁོར་ཆེན་ནི་སྟེང་འོག་རིམ་པ་གསུམ་གྱིས་གྲུབ་པ་དང་། འོག་ཁང་ ཆོས་འབྱུང་ལྷ་ཁང་གིས་དམ་པ་ལྷ་ཆོས་བྱུང་འཕེལ་གྱི་བརྒྱུད་རིམ་མངོན་པར་མཚོན་ཡོད་དེ། འཇིག་རྟེན་དུ་དམ་ཆོས་བྱུང་ཚུལ། དེ་ནས་ བོད་བརྒྱུད་ནང་བསྟན་གྱི་བྱུང་རིམ་དང་ཇི་ལྟར་གོང་འཕེལ་བྱུང་ཚུལ་གྱི་ལོ་རྒྱུས་བཀོད་ཡོད། བར་ཁང་བདེན་གཉིས་ལྷ་ཁང་གིས་ཀུན་རྫོབ་བདེན་པ་དང་དོ་དམ་བདེན་པ་མཚོན་ཞིང་། སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་སོགས་གློག་རྡུལ་འཕྲུལ་ཆས་ངོས་སུ་སྟོན་པའི་གནས་རེད། སྟེང་ཁང་ངཆོག་གསུམ་ལྷ་ཁང་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ་དཀོན་མཆོག་གསུམ་མཚོན་ཞིང་། དེ་ནི་སངས་རྒྱས་ཀྱི་གསུང་རབ་དང་སྐུ་བརྙན་ལ་མཆོད་པ་འབུལ་སའི་ལྷ་ཁང་ཡིན།

ཆོས་འབྱུང་ལྷ་ཁང་།

འོག་ཁང་ནི་ཁོད་ཡངས་པའི་ལྷ་ཁང་ཆེན་པོ་ཞིག་ཡིན་ལ། སྒོ་ཆེན་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཕྱག་བྲིས་གདང་བའི་འཛམ་གླིང་ཕན་བདེ་འཁོར་ཆེན་ཞེས་པའི་མཚན་བྱང་བཀལ་ཡོད། ཁང་པའི་དཀྱིལ་དུ་མཐོ་ཚད་ལ་རྨིད་༣དང་། ཞེང་ལ་རྨིད་༢ཅན་གྱི་མ་ཎི་ཆུ་འཁོར་ཞིག་བཞེངས་ཡོད་པ་དང་། དེའི་གཟུངས་བཞུགས་སུ་གཟུངས་སྔགས་ཡི་གེ་དྲུག་མ་དུང་ཕྱུར་གསུམ་བཞུགས་ཡོད། འོག་ཁང་གི་ཤེལ་ངོས་ནས་མ་ཎི་འཁོར་ཆེན་གྱི་སྨད་ཞབས་དྭངས་གཙང་གི་རྨ་ཆུ་སྔོན་མོས་བསྐོར་བའི་སྣང་ཚུལ་མཐོང་ཐུབ།

བདེན་གཉིས་ལྷ་ཁང་།

གཉིས་ཐོག་གི་བདེན་གཉིས་ལྷ་ཁང་ནི་དེང་རབས་སྨྱན་མང་ལག་རྩལ་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཚོགས་ངོ་སྤྲོད་བྱེད་ས་ཡིན། ལྷ་ཁང་དུ་ཐོན་མ་ཐག་བརྙན་འཆར་ཡོལ་བའི་ངོས་སུ་ཆ་ཡོངས་སུ་རྫོགས་པའི་ནོར་གྱི་བདག་པོ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྣང་བརྙན་གསོན་ཉམས་ལྡན་པར་བཀྲ་ཡོད་པས། མཇལ་མ་ཐག་ཏུ་ཟས་ཟ་མར་ཁ་སྤྲོད་པ་དང་རྒྱུ་ནོམ་པར་ལག་སྤྲོད་པའི་རྟེན་འབྲེལ་འགྲིག་པའི་ཉམས་སྣང་སྟེར། དེ་ནས་ལྷ་ཁང་དཀྱིལ་གྱི་ཚངས་ཐིག་ལ་རྨིད་བཅུ་ཡོད་པའི་ཀ་བ་ཆེན་པོའི་མཐའ་བསྐོར་ཡང་མཚམས་མ་ཆད་པར་བརྙན་འཆར་ཡོལ་བའི་གཡོགས་ལ། དེ་རུ་སྟོན་པ་ཤྰཀྱའི་རྒྱལ་པོ་དང་། རིག་གསུམ་མགོན་པོ། རྒྱལ་པ་རིགས་ལྔ། ཉེ་བའི་སྲས་ཆེན་བརྒྱད་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་རྣམས་དངོས་སུ་འཇིག་རྟེན་འདིར་ཕེབས་པ་ལྟ་བུའི་བརྙན་རིས་འཆར་བཞིན་འདུག་པས། སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཚོགས་ལ་དངོས་སུ་མཇལ་བ་ལྟ་བུའི་སྣང་བ་སྟེར་ལ་དད་པའི་སྤུ་ལོང་ངང་གིས་གཡོ་བར་བྱེད།

མཆོག་གསུམ་མཆོད་ཁང་།

པད་འདབ་འོག་གི་སྟེང་རིམ་གསུམ་པ་ནི་མཆོག་གསུམ་མཆོད་ཁང་སྟེ། ལྡེབས་ངོས་ཀྱི་དབུའི་ཀུན་དགའ་ར་བར་གནའ་བོའི་ཤིང་པར་གྱི་བསྟན་འགྱུར་པོད་༡༠༣བཞུགས་ཡོད་པ་དང་། བར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་སྐུ་བརྙན་༡༠༠༨བཞུགས་ཡོད། ནུབ་ངོས་ཀྱི་དཀྱིལ་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པ་གཙོ་སྐུའི་ཚུལ་དུ་བཞེངས་ཡོད་པ་དང་། གཡས་གཡོན་དུ་རྒྱལ་བ་ཚེ་དཔག་མེད་དང་། རྗེ་བཙུན་འཇམ་པའི་དབྱངས་དང་། རྡོ་རྗེ་སེམས་དཔའ་དང་། སྒྲོལ་ལྗང་བཅས་ཀྱི་སྐུ་བརྙན་བཞེངས་ཡོད། བཟོ་རྩལ་ཁྱད་འཕགས་ལས་གྲུབ་པའི་སྐུ་བརྙན་ཆེ་ཕྲ་དག་གི་མདུན་དུ་མར་མེའི་འོད་སྣང་སེར་ལམ་ལམ་དུ་མཆེད་ཅིང་། མཐོང་ཐོས་དྲག་རེག་གིས་སྒོ་གསུམ་གྱི་ཉེས་པ་སེལ་ནུས་པ་དེས་མཆོག་གསུམ་མཚོན་ནོ༎ མཆོད་ཁང་གི་ཤར་གྱི་ལྡེབས་ངོས་སུ་གནས་བརྟན་བཅོ་བརྒྱད་དང་། དཀར་ཕྱོགས་སྐྱོངས་པའི་ཆོས་སྐྱོང་སྲུང་མའི་སྐུ་ཐང་སུམ་ཅུ་བཞེངས་ཡོད། མ་ཎི་འཁོར་ཆེན་གྱི་སྲོག་ཤིང་གི་ཀ་བར་གཙག་གྲུབ་ཀྱིས་བཞེངས་པའི་སྒྲོལ་མ་ཉེར་གཅིག་གི་སྐུ་ཐང་ བཞེངས་ཡོད།

བོད་ཁ་བ་ཅན་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྲགས་ཞིང་། རིགས་གསུམ་མགོན་པོའི་ཁྲོད་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཀྱང་ཕྱག་བཞི་པ་ཞིག་ཡིན། དེར་མ་ཟད་ང་ཚོ་བོད་ཀྱི་དགོན་སྡེ་ཁག་གི་ལྡེབས་རིས་སོགས་སུའང་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པ་བཞེངས་པ་ཤས་ཆེ་ཞིང་། དེ་ལ་ཞི་དྲག་གི་རྣམ་པའི་བཞེངས་ཚུལ་གཉིས་ཡོད་པ་ལས། འདིར་ཞི་བའི་ཚུལ་དུ་བཞེངས་ཡོད། དེ་ཡང་འདིར་བཞེངས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་བཟོ་རྩལ་ཁྱད་དུ་འཕགས་པས་ལྟ་ན་སྡུག་ཅིང་། མཐོང་བ་ཙམ་གྱིས་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་ནུས ། ཇི་སྐད་དུ།  སྐྱོན་གྱིས་མ་གོས་སྐུ་མདོག་དཀར༎ རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན༎ ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས༎ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༎ ཞེས་པ་ལྟར་སྐུའི་ཡོན་ཏན་དང་བྱིན་རླབས་ནི་བསམ་གྱིས་མི་ཁྱབ་བོ༎

རིག་གནས་འགྲེམས་སྟོན་ཁང་།

རིག་གནས་འགྲེམས་སྟོན་ཁང་ནི་མ་ཎི་འཁོར་ཆེན་མདུན་གྱི་ཐང་ཆེན་གྱི་བཟོ་སྐྲུན་གཙོ་བོ་ཡིན་ཞིང་། དེའི་ནང་དུ་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དང་། རྨ་ཆུའི་ཐོན་དངོས་བཤམས་སྟོན་ཁང་། ཁྲི་ཀའི་ཡུལ་ལྗོངས་བརྙན་རིས་ཁང་སོགས་ཡོད། དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དུ་གཙོ་བོ་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་དངོས་དང་། འཕགས་པ་སྤྱན་རས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་དཀྱིལ་འཁོར་སོགས་དམངས་སྲོལ་རིག་དངོས་མང་པོ་བཤམས་ཡོད་པ་དང་། རྨ་ཆུའི་ཐོན་དངོས་བཤམས་སྟོན་ཁང་དུ་ཚད་མཐོ་བའི་ཚན་རིག་གི་ལག་རྩལ་བེད་སྤྱད་ནས་རྨ་ཆུའི་བཞུར་རྒྱུན་དང་། འཕེལ་འགྲིབ་ཀྱི་རྣམ་པ། ཁྲི་ཀའི་ཡུལ་དུ་བཞུར་བའི་རྨ་ཆུ་དྭངས་ཤིང་གཙང་བའི་གནས་ཚུལ་སོགས་བཤམས་ཡོད། ཁྲི་ཀའི་ཡུལ་ལྗོངས་བརྙན་རིས་ཁང་དུ་ཁྲི་ཀའི་གནས་འགངས་ཆེན་དང་། ཡུལ་བསྐོར་ཟིན་ཐོ། མཛེས་སྡུག་ལྡན་པའི་རི་ཆུ་སོགས་བཤམས་ཡོད་དོ༎

མ་ཎི་འཁོར་ཆེན་གྱི་བཞེངས་སྐྲུན།

འཛམ་གླིང་ཕན་བདེ་འཁོར་ཆེན་བཞེངས་སྐྲུན་བྱེད་མཁན་ནི་མཚོ་སྔོན་ཉི་མའི་ཚོ་བ་མི་རིགས་རིག་གནས་ཚད་ཡོད་ཀུང་ཟི་ཡིན་པ་དང་། ཀུང་ཟི་དེའི་སྤྱི་ཁྱབ་ལས་འཛིན་པ་ཐུགས་རྗེ་སྐྱབས་ལགས་ཀྱིས་དངོས་སུ་ཇུས་འགོད་བྱས་ནས་བཞེངས་པ་རེད། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་ཕྱོགས་ཀྱི་བློ་འདྲི་ས་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་པོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་དང་། སློབ་གྲྭ་དེ་གའི་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་རྡོ་ལྷ་བཅས་ཡིན། མཚོ་སྔོན་ཧྭ་ཡེ་ཁང་ས་ཐོན་ལས་ཚད་ཡོད་ཀུང་ཟིས་བཞེངས་བསྐྲུན་གྱི་ལས་འགན་འཁུར་ཞིང་། བོད་བརྒྱུད་ནང་བསྟན་གྱི་བཞེངས་རྩལ་གཙོར་བཟུང་ནས་ལོ་ངོ་གཉིས་ཀྱི་རིང་ལ་བཞེངས་ནས་ལེགས་གྲུབ་བྱུང་བ་རེད། 

ཐུགས་ཁུར་དང་རྒྱབ་སྐྱོར།

འཛམ་གླིང་ཕན་བདེ་འཁོར་ཆེན་བཞེངས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་དམངས་སྲིད་གཞུང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁྲི་ཀ་རྫོང་ཏང་ཨུ་ཡོན་ལྷན་ཁང་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་རྒྱབ་སྐྱོར་བླ་ལྷག་གནང་ཞིང་། ལྷག་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཕྱག་བྲིས་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྔོན་མ་ཆཱང་ཝེ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་སྔོན་མ་བསྟན་ཁོ་དང་། ཁྲི་ཀ་རྫོང་ཏང་ཨུའི་ཧྲུའུ་ཅི་སྔོན་མ་ཚེ་རིང་ཐར་དང་། ཁྲི་ཀ་རྗོང་ཡུལ་བསྐོར་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བཅས་ཀྱིས་སྐུ་ཚེགས་ལ་མ་འཛེམས་པར་ཐེངས་མང་པོར་འཁོར་ཆེན་བཞེངས་སྐྲུན་བྱེད་སར་ཕེབས་ནས་བྱ་བར་མཛུབ་སྟོན་དང་ཐུགས་ཁུར་གནང་། དེར་མ་ཟད་བོད་དད་ལྡན་གྱི་མང་ཚོགས་དག་གིས་ཀྱང་ཕྱོགས་གང་ཐད་ནས་ཐུགས་ཁུར་དང་དགའ་བསུ་ཚད་མེད་ཐོབ།

མཇུག་བྱང་།

འཛམ་གླིང་ཡུལ་གྲུ་གང་ནའང་མཐོང་དཀོན་པའི༎ ཕན་བདེའི་བསིལ་ཆར་འཇོ་བའི་ནོར་བུ་ཉིད༎ འཁོར་ཆེན་འདི་ཉིད་བསྐྲུན་པའི་ལེགས་ཚོགས་དང་༎ མགོན་པོ་སྤྱན་རས་གཟིགས་ཀྱི་བྱིན་རླབས་མཐུས༎ བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམས༎ ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོག། ཉི་ཟླ་བཞིན་དུ་ཀུན་ལ་གསལ་བར་ཤོག། རི་བོ་བཞིན་དུ་རྟག་ཏུ་བསྟན་པར་ཤོག། བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ༎ ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོག། བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས༎ ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་མེད་པར་ཤོག། བསྟན་ལ་དད་པ་ཡངས་པའི་རྒྱལ་ཁམས་ཀུན༎ བདེ་སྐྱིད་ལྡན་ཞིང་བར་ཆད་ཞི་བར་ཤོག མདོར་ན་འགྲོ་དྲུག་སེམས་ཅན་མ་ལུས་ཀུན༎ མགོན་པོ་པད་དཀར་འཆང་བས་རྗེས་བཟུང་ནས༎ རྣམ་དཀར་དགེ་བའི་ལས་ལ་རབ་བརྩོན་ཏེ༎ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༎ ཕྱིར་མི་ལྡོག་པའི་ས་མཆོག་ཐོབ་པར་ཤོག།  ཅེས་བསྔོ་བ་དང་སྨོན་ལམ་གྱི་སྒོ་ནས་མཇུག་བསྡུས་སོ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།