ལང་ཇུ་སྡེ་བཞི་ལ་གནས་མཇལ་བྱས་པའི་ཟིན་ཐོ།

1515553478925680.jpg

གཅིག  ཝུའུ་ཝེ་ལ་འབྱོར་བ།

ལང་ཇུ་སྡེ་བཞི་ནི་གནའ་བོའི་བོད་སོག་གི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ།  ལྷག་པར་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་འཇམ་མགོན་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གོ་དན་རྒྱལ་བོས་གདན་ཞུ་མཛད་དེ།  རྣམ་དཀར་གྱི་མཛད་པ་དང་དམ་པའི་ཆོས་ཀྱི་བདུད་རྩི་ཡིས་སོག་པོའི་རྒྱལ་འབངས་ཀུན་གྱི་སྒོ་གསུམ་དབང་དུ་བསྡུས་ཤིང་།  གདུག་རྩུབ་ཀྱི་དྲག་པོའི་དབལ་ཁ་ཞི་བར་བྱས་ཏེ་བོད་སོག་གི་ལོ་རྒྱུས་གསར་བ་ཞིག་དང་།  བོད་ཆོལ་ཁ་གསུམ་ལ་དུས་རབས་གཅིག་གི་རིང་དབང་བསྒྱུར་བྱས་མྱོང་བའི་དཔལ་ལྡན་ས་སྐྱ་བའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་ཡང་ཡིན།  ཕྱི་ལོ2012ལོའི་ཧོར་ཟླ8པའི་ནང་བདག་ཡུལ་འདིར་ཐེངས་གཅིག་ལ་གནས་མཇལ་དུ་བསྐྱོད་པ་ཡིན།  སྐབས་དེར་རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས་ལང་ཇུའི་ཡུལ་གྱི་ཤར་སྤྲུལ་བའི་སྡེ་དང་བྱང་རྒྱ་མཚོའི་སྡེ་གཉིས་ལས་ལྷོ་དབང་གི་སྡེ་དང་ནུབ་པད་མོའི་སྡེ་གཉིས་ལ་མཇལ་བའི་སྐལ་བ་མ་ལྡན།  ཕལ་ཆེར་དེ་དུས་སྡེ་དེ་གཉིས་ཀྱི་ཤུལ་ཙམ་ཡོད་པ་ལས་བསྐྱར་བཞེངས་ཆེར་བྱས་མེད་སྐད།  རྗེས་སུ་ལང་ཇུ་སྡེ་བཞི་རེ་རེ་ལ་ཞིབ་ཏུ་མཇལ་ཐུབ་པའི་རེ་བ་བྱས་པ་ཡིན།  སྟབས་ལེགས་པ་ཞིག་ལ།  ད་ལོ་བདག་དགེ་གྲོགས་འགའ་དང་ལྷན་དུ་ཡང་བསྐྱར་ཏུན་ཧོང་ལ་གནས་སྐོར་དུ་བསྐྱོད་པའི་ཞོར་ལ་ཡུལ་ལང་ཇུ་སྡེ་བཞི་ལ་ཡང་གནས་མཇལ་གྱི་སྐལ་བ་ལྡན་པར་གྱུར་པས་དགའ་བ་དང་སྤྲོ་བས་ཀུན་ནས་དྲངས།

ཕྱི་ལོ2017ལོའི་ཧོར་ཟླ6པ་རྗེས་མའི་ཚེས6ཉིན་ནི་ནམ་མཁའ་སྔོ་ཞིང་ཉི་འོད་འཇམ་ལ།  ས་གཞི་ཡོངས་ལ་དབྱར་གྱི་དཔལ་ཡོན་གྱིས་ཕྱུག་པས་མི་ཡུལ་གྱི་ཆེས་མཛེས་པའི་དུས་ཚིགས་ལ་ཁེལ།  ཉིན་དེའི་ཞོགས་པའི་དུས་སུ་ངེད་ཅག་དགེ་གྲོགས་རྣམས་ཏུན་ཧོང་གི་ཕྱིར་ལམ་ཀན་སུའུ་འབྲོང་ཡུལ་ནས་ལམ་ལ་ཆས་ཏེ་ཝུའུ་ཝེ་(武威)ཕྱོགས་སུ་བསྐྱོད།   བདེ་ཞིང་སྙོམ་པའི་གཞུང་ལམ་གྱི་འགྲམ་ངོགས་ལྗོན་ཤིང་གཡུ་ལོའི་ཚོགས་ཀྱི་ཕྲེང་བས་བརྒྱན་ཞིང་། མིག་མངས་ཀྱི་རིས་ལྟར་འབྲེལ་བའི་ས་ཞིང་གྲུ་བཞིའི་ནང་གྲོ་ནས་སྲན་གསུམ་དང་མ་རྨོས་པའི་ལོ་ཏོག་གི་མགོ་ལྕོག་ལྡེམ། ས་བབས་དམའ་ཞིང་གནམ་གཤིས་དྲོ་བས་གྲོང་དང་གྲོང་སྡེ་དག་གི་སྒོ་འགྲམ་ན་སིལ་ཏོག་དང་སྔོ་ཚོད་བཅས་ཀྱི་ཐོན་སྐྱེད་ཕུན་སུམ་ཚོགས།  མ་བཅོས་ལྷུན་གྲུབ་ཀྱི་རང་བྱུང་གི་ཁོར་ཡུག་མཛེས་ཤིང་སྡུག་པས་མི་སེམས་ནི་སྐད་ཅིག་གིས་འཕྲོག་པར་བྱེད།

ཞོགས་པའི་དུས་ཚོད་དགུའི་སྟེང་ང་ཚོ་ཝོའུ་ཝེ་ལ་སླེབས།  ལང་ཇུའི་མཁར་དང་ལང་ཇུ་སྡེ་བཞི་ནི་དེང་གི་ཀུན་སུའུ་ཞིང་ཆེན་གྱི་ཝུའུ་ཝེེ་ས་ཁུལ་དུ་ཡོད་ལ།  ལོ་རྒྱུས་ཀྱི་དེབ་དག་ལས་ལང་ཇུ་མཁར་རམ་ལིང་ཆུ་རྩེ་དང་ལང་གྲུ་(涼州)ཞེས་འབོད།  ཡུལ་གྲུ་རྒྱ་ཆེ་ཞིང་ཐང་ཆེན་པོ་མུ་མཐའ་བྲལ་བ་ཞིག་གི་དཀྱིལ་ན་ཆགས། བོད་ཡུལ་དབུས་གཙང་ནས་ཡུལ་འདི་རྒྱང་ཐག་རིང་བས་རྒྱ་ནག་གི་ཆར་གཏོགས་ལྟ་བུ་ཞིག་ཏུ་སྣང་ཡང་།  མདོ་སྨད་ཕྱོགས་ནས་བོད་དཔའ་རིས་ཡུལ་དང་འདབས་འབྲེལ་ཞིང་།  སྔོན་རྒྱ་ནག་གི་ཧན་ཆེན་པོའི་རིང་ལ་ཡུལ་མིང་ལ་འགུ་ཙང་ཟེར་བས་རྒྱ་ཡིག་ཏུ་ཀོའུ་ཙང་(姑藏)ཞེས་བྲིས་ལ།  མིང་དེ་ལྟར་འབོད་དོན་ཡང་སྔོན་ཡུལ་འདིར་འགུ་ཚང་ཟེར་བའི་བོད་ཀྱི་ཚོ་སྡེ་ཆེན་པོ་ཞིག་གནས་པས་རྒྱུ་མཚན་གྱིས་ཡིན་པར་བཤད།  ཝུའུ་ཝེ་གྲོང་ཁྱེར་ལ་སླེབས་མ་ཐག་འགྲོ་འདོད་པའི་གནས་ནི་ལང་ཇུ་སྡེ་བཞི་ཡིན་པ་སྨོས་མེད་རེད།  ལོ་རྒྱུས་སྟེང་ལང་ཇུ་སྡེ་བཞི་ནི་ལང་ཇུའི་མཁར་གྱི་ཕྱོགས་བཞི་ན་གནས་པར་བཤད།  ང་ཚོས་སྡེ་བཞིའི་འགྲོ་ལམ་རྩད་གཅོད་བྱས་རྗེས་ཐོག་མར་ཤར་སྤྲུལ་བའི་སྡེ་(白塔寺)ལ་མཇལ་དུ་བསྐྱོད།

微信图片_20180110105423.jpg

གཉིས།  ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན།

ལང་ཇུ་སྡེ་བཞི་ནི་འཇམ་མགོན་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་འབྲེལ་བ་དམ་ཟབ་ཡོད་པས་ཐོག་མར་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་བརྗོད་ན།  འཇམ་མགོན་ས་པཎ་མཆོག་ནི་བོད་རབ་བྱུང་གསུམ་པའི་ཆུ་སྟག་ཕྱི་ལོ1182ལོར་ས་སྐྱར་ས་ཆེན་གྱི་སྲས་བཞི་བ་ཡབ་འཁོན་དཔལ་ཆེན་འོད་པོ་དང་ཡུམ་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  མཚན་དཔལ་ལྡན་དོན་གྲུབ་ཏུ་གསོལ།  སྐུ་བལྟམས་མ་ཐག་སྔོན་མའི་བག་ཆགས་ཀྱིས་སཾ་སྐྲྀ་ཏའི་སྐད་སྨྲ་ཞིང་ཕྱག་མཛུབ་ཀྱིས་དབྱངས་གསལ་གྱི་ཡི་གེ་བྲིས་ནས་ཀློག་པའི་ཚུལ་མཛད།  ཆུང་ངུའི་དུས་ནས་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གཅེས་བར་བསྐྱངས་ཏེ་ཡི་གེ་འབྲི་ཀློག་དང་མདོ་རྒྱུད་བསྟན་བཅོས་ཀུན་ལ་སྦྱངས་པ་རྨད་དུ་བྱུང་བ་མཛད། ཞུ་དོན་རྡོ་རྗེ་སྐྱབས་དང་རྨ་བྱ་བྱང་བརྩོན།  ཚུར་སྟོན་གཞོན་སེང་སོགས་ལས་ཀྱང་མདོ་སྔགས་ཀྱི་གཞུང་ལ་སྦྱངས།  ལྷག་པར་དགུང་ལོ་ཉེར་གསུམ་སྟེང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲྀ་དང་མཇལ་ཏེ་ཟབ་ཆོས་མང་དུ་གསན་ཞིང་བསྙེན་པར་རྫོགས།  འཕྲོག་བྱེད་དགའ་བོ་སོགས་རྒྱ་གར་གྱི་མུ་སྟེགས་པ་རྩོད་པས་ཕམ་པར་མཛད་དེ་རལ་པའི་ཁུར་བྲེགས་ནས་ནང་བའི་ཆོས་སྒོར་བཅུག  མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་པས་སྙན་པ་གྲགས་པ་ཕྱོགས་ཀུན་ལ་ཁྱབ།  ལོ་རྒྱུས་སྟེང་དམ་པ་ཁོང་གིས་བོད་དུ་པཎྜི་ཏ་ཞེས་པའི་མཚན་ཐོག་མར་བཞེས་ཏེ་གངས་ཅན་མཁས་པའི་གཙུག་རྒྱན་དང་།  རིག་གནས་ཆུང་བ་ལྔ་ཞེས་པའི་རྣམ་བཞག་ཀྱང་ཕལ་ཆེར་ཁོང་ལས་བྱུང་བ་དང་།  ལྷག་པར་༼ས་སྐྱ་ལེགས་བཤད་༽བརྩམས་ཏེ་བོད་དུ་ལེགས་བཤད་རྩོམ་རིག་གི་སྒོ་མོ་ཐོག་མར་འབྱེད་མཁན་ཡང་ཡིན།  དགུང་ལོ་སོ་ལྔ་བ་མེ་བྱི་ཕྱི་ལོ1216ལོ་ནས་ས་སྐྱའི་གདན་སའི་ཁྲི་ཐོག་ལྔ་བར་བཞུགས་ཏེ་བསྟན་པའི་བྱ་བ་དང་།  ས་སྐྱའི་བཞི་ཐོག་བླ་བྲང་བཞེངས་པ་སོགས་ཆོས་དང་རིག་གནས་དར་ཞིང་རྒྱས་པར་མཛད།  བསམ་ཡས་ཀྱི་རྗེ་བོ་ཤཱཀྱ་མགོན་གྱིས་བསམ་ཡས་སུ་གདན་དྲངས་པ་བཞིན་ཕེབས་ཏེ་དཔལ་བསམ་ཡས་ཀྱི་གདན་སར་བཞུགས།  བསམ་ཡས་གཙུག་ལག་ཁང་གི་བྱང་ངོས་ཀྱི་གྱང་ལྡེབས་སུ་འཇམ་དབྱངས་གྱི་སྐུ་བརྙན་ངོ་མཚར་ཅན་ཕྱག་བྲིས་གནང་། སྡོམ་བརྩོན་དམ་པ་ཞེས་པའི་བོད་ཀྱི་རི་མོ་གྲགས་ཅན་དེའང་རྗེ་ས་པཎ་འདི་པས་སྐབས་དེ་དུས་སུ་ཕྱག་བྲིས་གནང་བར་བཤད།

ཆོས་རྗེ་ས་པཎ་ཁོང་སྐུ་འཚོ་བཞུགས་ཀྱི་དུས་དེར།  སོག་པོའི་སྟོབས་འབྱོར་རྒྱས་ཏེ་སོག་པོའི་རྟ་དམག་འཛམ་གླིང་ས་གཞི་རིལ་མོའི་སྒང་ལ་རླུང་འཚུབ་ལྟར་གཡུག་པ་ལ་རྒྱ་སྐད་དུ(蒙古旋风)ཟེར།  ཕྱི་ལོ1227ལོར་སོག་པོ་ཇིང་གིར་རྒྱལ་བོས་མི་ཉག་གི་རྒྱལ་ཁབ་དབང་དུ་བསྡུས་རྗེས་རྨ་ཆུ་བརྒལ་ཏེ་ཤིང་ཀུན་དང་།  ཀ་ཅུ་སོགས་བོད་ཀྱི་ས་ཆར་གཏོགས་པའི་ཡུལ་སྡེ་མང་པོ་དབང་དུ་བསྡུས།  ཅིན་རྒྱལ་རབས་སོགས་རྒྱལ་ཁབ་མང་པོ་སོག་པོས་སྔ་གཞུག་ཏུ་བསྣུབས་རྗེས་རྒྱལ་བོ་ཨོ་གོ་ཏེ་ཡིས་སྔོན་གྱི་མི་ཉག་གི་མངའ་ཁོངས་དང་།  དེང་གི་ཀན་སུའུ་དང་མཚོ་སྔོན་གྱི་ཤར་མཐའི་ས་གནས་མང་པོ་ཞིག་སྲས་གོ་དན་གྱི་དབང་སྐལ་དུ་བྱིན།  ལང་ཇུའི་མཁར་ཏེ་དེང་གི་ཀན་སུའུ་ཝུའུ་ཝེེ་ས་ཆ་འདི་རྒྱལ་ས་བྱས་ནས་བྱང་གི་རྒྱལ་བོར་བསྐོས། དེ་ནས་ཕྱི་ལོ1240 ལོར་གོ་དན་གྱིས་བློན་དོར་རྟ་ནག་པོ་ཟེར་བ་དམག་དཔོན་དུ་བསྐོས་ཏེ་སོག་དམག་སུམ་ཁྲི་དང་བཅས་བོད་ལ་བཏང་།  བོད་སོག་གཉིས་བར་དམག་འཁྲུག་བྱུང་སྟེ་དབུས་གཙང་ཁུལ་དུ་སོག་དམག་གིས་གསོད་འཕྲོག་བཅོམ་གསུམ་བྱས་པ་དང་།  ར་སྒྲེང་དགོན་དུ་ཉིན་གཅིག་ལ་དགེ་འདུན་པ་ལྔ་བརྒྱ་ལྷག་བཀྲོངས་བ་དང་རྒྱལ་ལྷ་ཁང་སོགས་མེར་བསྲེགས་པ་སོགས་ཀྱིས་བོད་རྣམས་སྤ་བཀོང་བར་བྱས།  དེ་བས་བོད་ཁྲི་སྐོར་གྱི་དཔོན་ཆེན་དང་བླ་ཆེན་ཡོད་དོ་ཅོག་གིས་ཧོར་ལ་ངོ་གཏད།  བློན་དོར་རྟ་ནག་པོས་གོ་དན་གྱི་བཀའ་བཞིན་དུ་དུས་ཡུན་ཐུང་ངུའི་རིང་བོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ཕྱིར་སླེབས་དུས་གོ་དོན་རྒྱལ་བོར"བོད་ན་དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་ཆེ།  ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་བ་ཆེ།  ཆོས་ནི་ས་སྐྱ་པཎྜིཏ་མཁས་པར་འདུག་པས་གང་སྤྱན་འདྲེན་དགོས་པའི་ལུང་སྩོལ་ཅིག"ཅེས་ཞུས་པར།  གོ་དན་རྒྱལ་བོས་བོད་གཙང་དུ་བཞུགས་པའི་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ལ་བཀའ་དང་བཙན་གཏམ་འདྲེས་མའི་གདན་འདྲེན་ཞུ་ཡིག་ཅིག་བསྐུར་བ་ནི་འདི་ལྟ་སྟེ།  "ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང༌།  ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱེད་པའི་གཏམ།  ངེད་ཕ་མ་དང་གནམ་སའི་དྲིན་ལན་འཇལ་བའི་ཕྱིར་ལམ་གྱི་བླང་དོར་མ་ནོར་བ་སྟོན་ཤེས་པའི་བླ་མ་ཅིག་དགོས་པ་བརྟག་པ་བྱས་དུས་ཁྱོད་དུ་འདུག་པས།  ལམ་གྱི་དཀའ་ཚེགས་ལ་མི་བལྟ་བར་ཡོང་དགོས།  གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པར་གཏོང་བ་ཇི་ཙམ་ཁྱོད་ཀྱིས་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ།   ངས་མཐའི་ཁྲིམས་ར་བླངས།  དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན།  དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་སོམས་ལ་ཁྱོད་མགྱོགས་པར་ཤོག    ཉི་མ་ནུབ་ཕྱོགས་ཀྱི་བཎྜེ་རྣམས་ཁྱོད་ཤེས་སུ་འཇུག་པ་ཡིན།"ཞེས་པ་རེད།

微信图片_20180110105433.jpg

ཤར་སྤྲུལ་བའི་སྡེ་རུ་བཞུགས་པའི་འཇམ་མགོན་ས་པཎ་མཆོག་གི་སྐུ་གདུང་མཆོད་རྟེན་གྱི་ཤུལ།

འཕྲིན་ཡིག་འདི་ལས་ས་སྐྱ་པཎ་ཆེན་ཁོང་སོག་པོ་གོ་དན་གྱིས་བཀའ་དང་བཙན་གྱི་སྒོ་ནས་གདན་འདྲེན་ཞུས་ཏེ་པཎ་ཆེན་ཁོང་ཡང་ཐབས་ཟད་ནས་ཕེབས་པ་ཤེས་ནུས་ལ།  སྐབས་དེར་ས་སྐྱ་པཎ་ཆེན་ལང་ཇིའི་ཡུལ་འདིར་ཕེབས་མིན་དེ་སོག་པོས་བོད་ལ་དམག་རྒྱག་མིན་གྱི་གནད་དོན་ལ་ཐུག་པ་ཡང་ཤེས་ནུས། དེ་བས་བོད་མི་ཡོངས་ཀྱི་བདེ་སྡུག་བསམས་ནས་ཆོས་རྗེ་ས་པཎ་མཆོག་ཐུགས་སོམ་ཉིའི་རྒྱ་གང་ལ་ཡང་མ་ཚུད་པར་སོག་པོ་གོ་དན་གྱི་སྐུ་མདུན་དུ་ཕེབས་རྒྱུ་ཐག་གིས་བཅད།  དུས་དེར་བོད་པ་མང་པོ་ཞིག་གིས་ས་སྐྱ་པཎ་ཆེན་སོག་ཡུལ་དུ་ཕེབས་པ་ལ་ཐེ་ཚོམ་སྐྱེས།  ས་པཎ་ཁོང་སོག་ཡུལ་དུ་ཕེབས་ན་སོག་པོས་བོད་ལ་དམག་རྒྱག་པ་བཟློག་ཐུབ་མིན་དང་།  གདུག་རྩུབ་དང་གཏུམ་དྲག་ཆེ་བའི་གོ་དན་རྒྱལ་བོ་འཁོར་བཅས་འདུལ་ཐུབ་མིན།  སྐབས་དེའི་སོག་པོའི་རྒྱལ་བློན་གྱི་མདུན་དུ་ཕེབས་པ་ནི་གཤིན་རྗེའི་ལས་མཁན་ལ་ཐུག་པ་དང་གཏུམ་དྲག་ཆེ་བའི་གཅན་གཟན་གྱི་ནགས་སུ་བསྐྱོད་པ་དང་ཀུན་ནས་མཚུངས་པས།  བོད་ཀྱི་པཎ་ཆེན་དམ་པ་གང་གི་སྐུ་ལ་བར་ཆད་འདྲ་བཟོས་མི་ཡོང་ངམ་སོགས་ཀྱི་སེམས་ཚེགས་དང་སྐྲག་སྣང་གཉིས་ཅིག་ཅར་དུ་སྐྱེས།  བཀའ་གདམས་པའི་དགེ་བཤེས་ནམ་མཁའ་འབུམ་ཟེར་བ་ཡང་དེ་དུས་ཐུགས་ཚེགས་དང་བཅས་ས་པཎ་ལ།  "ཁྱོད་ལ་མངོན་པར་རྟོགས་པའི་ཡོན་ཏན་ཅི་མངའ་བ་ཅིག་མི་འཆབ་པར་སྙིང་གཏམ་གྱི་ཚུལ་དུ་གསུང་བར་ཞུ།  གཞན་ཡང་ཧོར་འདི་ལ་ཁྱེད་ཀྱི་བྱོན་པས་ཕན་པའི་རྒྱུ་མཚན་ཨེ་བདོག"ཅེས་ཞུས་པའི་ལན་དུ།  "བདག་སངས་རྒྱས་ཀྱི་བསྟན་པ་ལ་མོས་གུས་ཕྱིན་ཅི་མ་ལོག་པར་ཡོད། གསུང་རབ་ཀྱི་དོན་ལ་གོ་བ་ཅུང་ཟད་ཙམ་མཆིས།  མངོན་པར་རྟོགས་པ་རྒྱུད་ལ་སྐྱེས་པ་ཙམ་ནི་ཆེན་པོ་མི་བདོག  ཧོར་འདིས་ངེད་ལ་ཅི་ནས་ཀྱང་མཆོད་གནས་ལ་ཤོག   མི་འོང་ན་དམག་འོང་ཟེར་བས་དམག་བྱུང་ན་བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་དང་།   སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས།   ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་མི་ཕོད་རྒྱུ་མི་བདོག་ཙམ་ཤེས་པ་མདའ"ཞེས་གསུངས་ཏེ།  བོད་ཀྱི་བསྟན་འགྲོ་ཡོངས་ལ་ཕན་བདེ་སྒྲུབ་པའི་དོན་དུ་སྐུ་ན་སྨིན་པའི་ངལ་བ་དང་ལེ་བར་སྟོང་ཕྲག་གི་ལམ་ཐག་གང་ལ་ཡང་ལྟོས་པ་མེད་པའི་ཐུགས་བསྐྱེད་རླབས་པོ་ཆེ་བཞེས་ཏེ་རང་གི་ཚ་བོ་སྐུ་ན་ཕྲ་བ་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་ལ་སོན་པ་དང་།   འགྲོ་མགོན་ཕྱག་ན་རྡོ་རྗེ་དགུང་ལོ་བརྒྱད་ལ་སོན་པ་གཉིས་ཁྲིད་ནས་རིམ་གྱིས་བྱོན།  ཁོང་ཡབ་སྲས་གསུམ་སྟོད་དབུས་གཙང་ནས་སྨད་ལང་ཇུའི་མཁར་གྱི་ཕེབས་ལམ་མང་པོར་དགོན་པ་འདེབས་པ་དང་ལྷ་ཁང་བཞེངས་པ་སོགས་མཛད་ནས་ཕེབས།

དེ་ལྟར་བོད་མེ་རྟ་ཕྱི་ལོ1246ལོའི་ཟླ་བརྒྱད་པར་ས་པཎ་ཡབ་སྲས་རྣམས་བྱང་ཕྱོགས་ལང་ཇུ་མཁར་དུ་ཞབས་སོར་བཀོད།  ཕེབས་ལམ་དུ་ལོ་ངོ་གསུམ་འགོར་བར་བཤད།  སྐབས་དེར་གོ་དན་སོག་ཡུལ་དུ་རྒྱལ་བོ་གོ་ཡུག་ཁྲི་ལ་འགོད་པའི་མཛད་སྒོར་ཕེབས་ནས་བཞུགས་མེད།  ལོ་རྗེས་མ་མེ་ལུག་ཕྱི་ལོ1247ལོའི་ཟླ་དང་པོའི་ནང་གོ་དན་ལང་ཇུར་ཕྱིར་ལོག་སྟེ་ཕན་ཚུན་མཇལ་འཛོམས་བྱུང་།  ཡུ་གུར་གྱི་མཁས་པར་ལོ་ཙཱ་བཅོལ་ཏེ་ཆོས་དང་འཇིག་རྟེན་གྱི་ཐད་ནས་གསུང་གླེང་མང་དུ་མཛད་པས་གོ་དན་ཐུགས་ཤིན་ཏུ་མཉེས་ཏེ་བླ་མ་ས་པཎ་ལས་གཞན་གྲལ་གྱི་འགོར་སྡོད་མི་ཆོག་པའི་བཀའ་ཕབ།  དེ་ནས་ས་པཎ་གྱིས་བོད་དབུས་གཙང་མངའ་རིས་དང་བཅས་པའི་སེར་སྐྱ་མཐའ་དག་ལ་"ས་པཎ་གྱི་སྤྲིངས་ཡིག་"ཅེས་ཡོངས་སུ་གྲགས་པའི་བླ་དོར་འབྱེད་སྒོའི་བཀའ་ཤོག་གནང་སྟེ་བོད་འབངས་བདེ་ལ་བཀོད།  རིམ་གྱིས་སོག་རྒྱལ་གོ་དན་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ནས་ཧོར་རྒྱལ་བློན་གྱི་སྒོ་གསུམ་དབང་དུ་བསྡུས།  སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་དབུ་མཛད།  ཕྱིས་ཕྱི་ལོ1251ལོར་འཇམ་མགོན་ས་པཎ་མཆོག་དང་གོ་དན་གཉིས་ཡུལ་ལང་ཇུའི་མཁར་ནས་སྔ་རྗེས་སུ་འདས་སོ།།

གསུམ།  ཤར་སྤྲུལ་བའི་སྡེ།

ཤར་སྤྲུལ་བའི་སྡེ་ནི་ལང་ཇུའི་མཁར་གྱི་ལྷོ་ཤར་དུ་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་ཝུ་ནན་གྲོང་བརྡལ་པའེ་ཐ་སྡེ་ཆུང་གི་ལིག་ཅ་ཐེ་གྲོང་ཞེས་པའི་ས་ན་ཡོད་ལ།  རྒྱ་སྐད་དུ་མཆོད་རྟེན་དཀར་པོ་དང་བླ་མའི་མཆོད་རྟེན་(喇嘛塔)ཞེས་ཟེར།  རྒྱ་སྐད་ཀྱི་མིང་ནི་སྔོན་དེར་ས་པཎ་གྱི་སྐུ་གདུང་བཞུགས་ཟེར་བའི་མཆོད་རྟེན་དཀར་པོ་ཆེན་པོ་ཞིག་བཞུགས་པ་དེང་ཤུལ་ཙམ་ལུས་འདུག་པ་ལས་མིང་ཆགས་པར་བཤད།  གོང་མ་ཆན་ལུང་སྐབས་ཀྱི་༼ཝུའུ་ཝེ་རྫོང་གི་གདན་རབས༽ཞེས་པར་"百塔寺"བཀོད།    ང་ཚོ་ཝུའུ་ཝེེ་གྲོང་ཁྱེར་ནང་བརྒྱུད་ནས་དུས་ཚོད་སྐར་མ་ཉི་ཤུ་ལྷག་ལ་བསྐྱོད་མཐར་ཤར་སྤྲུལ་བའི་སྡེ་(白塔寺)ལ་སླེབས། སྤྲུལ་བའི་སྡེ་ཡི་སྒོ་ཆེན་དང་བར་ཐག་མི་རིང་བའི་གནས་ཀྱི་གཞུང་ལམ་གྱི་དཀྱིལ་ན་རྡོ་སྐུ་གསོན་ཉམས་ལྡན་པ་གཉིས་བརྗིད་ཉམས་ཀྱིས་འགྱིངས།  རྡོ་སྐུ་དེ་གཉིས་ནི་འཇམ་མགོན་ས་པཎ་མཆོག་དང་སོག་རྒྱལ་གོ་དན་གཉིས་རྟ་མཆོག་རེར་བཅིབས་ཏེ་གསུང་གླེང་མཛད་བཞིན་ཕེབས་པའི་རྣམ་པ་ཡིན་ལ།  སྐུ་བརྙན་དེས་བོད་སོག་གི་མཆོད་ཡོན་གྱི་འབྲེལ་བ་དང་མཛའ་མཐུན་མཚོན་པའི་སྣང་བ་སྟེར།  སྒོ་ཆེན་ནང་ལོག་གི་ཐང་དུ་སླེབས་པ་ན་འཇམ་མགོན་ས་པཎ་མཆོག་གིས་པཎ་ཞྭ་བསྣབས་ཏེ་བཞེངས་ནས་ཡོད་པའི་སྐུ་བརྙན་དང་།  རྒྱབ་ཏུ་མཆོད་རྟེན་ཆེ་ཆུང་མང་པོ་གསར་བཞེངས་གནང་ཡོད་པ་དང་མཇལ།  དེ་ནས་རྒྱབ་ལོག་ཏུ་བསྐྱོད་པ་ན་འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་གི་རང་བསྲེལ་བཞུགས་པའི་མཆོད་རྟེན་ཞིག་རོ་བཞུགས་པ་དང་མཇལ་ཏེ་ཕྱག་སྐོར་དང་སྨོན་ལམ་བཏོན་པ་ཡིན།  ཡུལ་འདི་ནི་འཇམ་དབྱངས་མི་ཡི་རྣམ་རོལ་བོད་ཀྱི་པཎྚི་ཏའི་ཐོག་མ་ས་སྐྱ་ཀུན་དགའ་རྒྱལ་མཚན་མཆོག་གིས་གོ་དན་གྱི་སྒོ་གསུམ་དབང་དུ་བསྡུ་སའི་གནས་དང་། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ས།  མཐར་སྐུ་མྱ་ངན་ལས་འདས་སའི་གནས་ཁྱད་པར་ཅན་ཡིན་པར་བཤད།  སྐུ་གདུང་མཆོད་རྟེན་ཞིག་རོ་ལ་མཇལ་རྗེས་ངའི་སེམས་པ་སྨྲ་མི་ཤེས་པའི་ཚོར་བ་ཞིག་གིས་བཏང་མ་བྱུང་།

བྲག་སྒོམ་པའི་༼མདོ་སྨད་ཆོས་འབྱུང་༽ལས།  ཤར་སྤྲུལ་བའི་སྡེ་ནི་སྔོན་ཧོར་གོ་དན་རྒྱལ་བོས་ཐོག་མར་ས་པཎ་མཆོག་ལ་ཉམས་སད་པའི་ཆེད་དུ་སྒྱུ་མ་མཁན་མང་པོར་རྫས་ཀྱི་འཕྲུལ་ལས་གཙུག་ལག་ཁང་ཡིད་དུ་འོང་བ་སྤྲུལ་དུ་བཅུག་རྗེས།  རྒྱལ་བོས་ས་པཎ་གདན་དྲངས་ཏེ་ལྷན་དུ་ཕེབས།  ས་པཎ་མཆོག་གིས་དེ་དོན་མཁྱེན་ནས་སྒོ་སྲུང་གི་ཁྲོ་བོ་ལ་བཀའ་བསྒོས།  ཤིས་བརྗོད་མི་འགྱུར་ལྷུན་པོ་མ་འཕྲལ་དུ་བརྩམས་ནས་ཕྱག་ནས་གཏོར།  སྟན་ལ་བཞུགས་ནས་སྒྱུ་མ་བཤིག་པར་བརྩམས་ཀྱང་བཤིག་མ་ནུས་པར་དཀོན་མཆོག་གི་རྟེན་དུ་བཞུགས།  ཁྱོད་ཅག་གིས་བླ་མ་ཐག་རིང་བོ་ནས་བོས་ཏེ་དམའ་ཅི་ཕེབས་བྱེད་པ་འདི་བྱ་བ་ལེགས་པོ་མིན་པར་གསུངས་པས།   རྒྱལ་བོ་འཇིགས་ཏེ་ཕྱག་བྱས།  ས་པཎ་ཡུལ་འདིར་ལོ་ལྔ་ཙམ་བཞུགས་ཏེ་ཟབ་ཆོས་མང་དུ་གནང་བར་བཤད།  མཐར་དགུང་ལོ་བདུན་ཅུའི་སྟེང་ཡུལ་འདིར་སྐུ་གཤེགས་པར་གདུང་ཞུགས་འབུལ་ཞུས་པར་དབུ་ཐོད་སོགས་ལ་ཀྱཻ་རྡོར་དང་འཇམ་དབྱངས་སོགས་འབུར་དོད།  རིང་བསྲེལ་མང་དུ་ཕེབས་པ་དག་ནང་རྟེན་དུ་བཞུགས་སུ་གསོལ་ཏེ།  གདུང་རྟེན་བཀའ་གདམས་མཆོད་རྟེན་གྱི་དབྱིབས་ཅན་ལག་འདོམ་བཅུ་དྲུག་ཡོད་པ་བཞེངས་པར་བཤད།  སྟག་ཚང་རྫོང་བ་དཔལ་འབྱོར་གྱིས་ཕྱི་ལོ1434ལོར་བརྩམས་པའི་༼རྒྱ་བོད་ཡིག་ཚངས་ཆེན་མོ༽དང་།  གཞན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི་༼ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད༽སོགས་སུ་ཡང་ས་པཎ་མཆོག་ཡུལ་འདིར་སྐུ་མྱ་ངན་ལས་འདས་པ་དང་།  རུས་རྟེན་བྱང་ས་སྤྲུལ་བའི་སྡེ་རུ་བཞུགས་པ་དང་།  འགྲོ་མགོན་འཕགས་པས་ལྷ་ཁང་བཞེངས་པ་དང་སྐབས་དེར་དགེ་འདུན་སྟོང་རྩ་ཡོད་པར་བཤད།

དེང་ཆོས་རྗེ་ས་པཎ་གྱི་སྐུ་གདུང་མཆོད་རྟེན་དུ་གྲགས་པའི་མཆོད་རྟེན་ཞིག་རོ་ཞིག་འདུག་པ་༼མདོ་སྨད་ཆོས་འབྱུང་༽སོགས་ལས་གསུངས་པའི་རིང་བསྲེལ་ནང་བཞུགས་ཀྱིས་གདུང་རྟེན་བཀའ་གདམས་མཆོད་རྟེན་དེ་ཡིན་པར་བཤད་ལ།  དེ་གའི་དཀར་ཆག་དང་ངོ་སྤྲོད་ལས་ཕྱི་ལོ1927ལོའི་ལུགས་རྙིང་གི་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ལང་ཇིའི་མཁར་འདིར་ས་ཡོམ་ཆེན་པོ་ཞིག་བྱུང་བ་ལས་སྔོན་གྱི་མཆོད་རྟེན་ལ་གནོད་སྐྱོན་ཐེབས་ཏེ་ད་ལྟའི་རྣམ་པ་འདི་བྱུང་བ་ཡིན་ཟེར།  ད་ལྟའི་མཆོད་རྟེན་ཞིག་རོའི་རྟེན་གྱི་རྨང་གི་བཀོད་པ་ནི་གྲུ་བཞི་ཅན་ཡིན་ལ། རྟེན་ཕུང་ནི་ཟུར་གསུམ་ཅན་གྱི་བཀོད་པར་གྲུབ།  རྟེན་ཕུང་གི་ཞེང་ཚད་ལ་ཕལ་ཆེར་རྨི་བརྒྱད་ཙམ་དང་སྤྱིའི་མཐོ་ཚད་ལ་རྨི་ལྔ་ཙམ་དང་།  ཐམས་ཅད་སོ་ཕག་དཀར་རྩི་མས་གྲུབ་པར་འདུག་པས་མ་འཇིག་པའི་སྔོན་རྒྱ་ནག་གི་ཡིག་ཚང་དུ་བཤད་པ་བཞིན་མཆོད་རྟེན་དཀར་པོ་ཞིག་ཡིན་པ་སྨོས་མ་དགོས་པ་རེད།

མིང་རྒྱལ་རབས་ཀྱི་གོང་མ་ཤོན་ཏེ་ཁྲི་ལོ་ལྔ་བ་ཕྱི་ལོ1430ལོར་ལྷ་ཁང་མཆོད་རྟེན་བཅས་ལ་མེ་སྦྱར་བ་སླར་ཞིག་གསོ་བགྱིས་པའི་རྡོ་རིང་གི་ཡི་གེ་༼ལང་ཇུ་མཆོད་རྟེན་དཀར་པོ་གསར་དུ་བཅོས་པའི་དཀར་ཆག༽ཅེས་པ་ལས།  སྔོན་འདིར་རྒྱལ་བོ་གང་གི་རིང་ལ་བཞེངས་པ་མི་ཤེས་པའི་སྡེ་རྙིང་བར་མི་ཉག་གི་རིང་ལ་ཞིག་གསོ་བྱས་ཚུལ་དང་།  གོ་དན་རྒྱལ་བོས་ཆོས་རྗེ་ས་པཎ་མཆོག་གདན་དྲངས་ནས་ཞབས་ཏོག་དང་སྡེ་ལ་ཞིག་གསོ་བྱས་པ་དང་།  ས་པཎ་འདིར་སྐུ་འདས་རྗེས་ཁོང་གི་གདུང་རྟེན་བཞུགས་པའི་མཆོད་རྟེན་འདི་འགྲོ་མགོན་འཕགས་པ་སྟེ་ཏི་ཤྲིས་བཞེངས་ཚུལ་བྲིས་འདུག་ཟེར།    འདི་ལ་གཞིགས་ན་ས་པཎ་སྔོན་ནས་སྡེ་འདིར་ལྷ་ཁང་སོགས་ཡོད་དགོས།  གཞན་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིས་ཁྲི་ལོ་ཉེར་གཅིག་པ་ཕྱི་ལོ1682ལོར་བཞེངས་པའི་༼མཆོད་རྟེན་དཀར་པོ་སླར་བཞེངས་པའི་རྡོ་རིང་༽ཟེར་བའི་ནང་མཆོད་རྟེན་འདི་ཉིད་ལ་སྔོན་ཆགས་འཇིགས་མང་དུ་བྱུང་སྟེ་ཐེངས་མང་ལ་བསྐྱར་བཞེངས་བྱས་པར་བཀོད་པ་སོགས་སྔོན་གྱི་ལོ་རྒྱུས་ཡིག་ཚང་དུ་སྡེ་འདིའི་ལོ་རྒྱུས་ཧ་ཅང་མང་།  མཆོད་རྟེན་བརྒྱ་རྩ་བརྒྱད་ནི་མཁའ་འགྲོའི་སྤྲུལ་བའི་མཆོད་རྟེན་ཡིན་པས་སྤྲུལ་བའི་སྡེ་ཡིན་པར་བཤད།  

微信图片_20180110105441.jpg

བྱང་རྒྱ་མཚོའི་སྡེ་དགོན་པ།

བཞི།  བྱང་རྒྱ་མཚོའི་སྡེ།

དེ་ལྟར་ཤར་སྤྲུལ་བའི་སྡེ་ལ་མཇལ་ཚར་རྗེས།  མཁར་གྱི་བྱང་ངོས་ལེ་བར་བརྒྱད་ཙམ་གྱི་མཚམས་ན་འདུག་པའི་བྱང་རྒྱ་མཚོའི་སྡེ་ (海藏寺)ཞེས་གྲགས་པར་མཇལ་དུ་བསྐྱོད།   གྲོང་ཁྱེར་གྱི་སྲང་ལམ་མང་པོ་ཞིག་བརྒྱུད་རྒྱ་མཚོའི་སྡེར་སླེབས་བྱུང་།  དགོན་པ་འདི་ལང་ཇི་སྡེ་བཞི་ལས་རྒྱ་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་དེ་ཡིན་ལ།  དེང་འཛུག་སྐྲུན་དང་བདག་གཉེར་ཡང་བཟང་ཙམ་འདུག   དུས་གསུམ་སངས་རྒྱས་ལྷ་ཁང་དང་ས་ཡི་སྙིང་བོའི་ལྷ་ཁང་སོགས་ལྷ་ཁང་འགའ་དང་རྒྱའི་དགེ་འདུན་པ་བཅུ་ཕྲག་གཅིག་བཞུགས།  ཆོས་རྗེ་ས་པན་གྱིས་ཡུལ་འདི་ནས་ཆོས་འཁོར་རྒྱ་ཆེར་བསྐོར་བ་དང་།  སྔོན་འདིར་མཚེའུ་ཞིག་ཡོད་པའི་ནང་ཀླུ་བདུད་གདུག་པ་ཅན་ཞིག་གནས་པས་ཧོར་གོ་དན་རྒྱལ་བོ་ལ་ཀླུ་ནད་བྱུང་བ་དང་།  ས་པཎ་གྱིས་ཀླུ་དེ་བཏུལ་ནས་རྒྱལ་བོ་ནད་ལས་གྲོལ་བར་བཤད།  དགོན་པའི་རྭ་སྐོར་གོང་མའི་ནང་དུ་སྔོན་གྱི་མཚེའུ་དེ་ཡིན་ཟེར་བའི་ཁྲོན་པ་ཆུང་ངུ་ཞིག་ད་ལྟ་ཡང་ངོ་མཚར་དུ་བརྩིས་ནས་མཇལ་རྒྱུ་འདུག  དད་ལྡན་པ་རྣམས་ཀྱིས་ཆུ་དེ་ལས་བྱིན་རླབས་དང་མཇལ་ཁ་ཞུ་བཞིན་མཆིས།  ངག་རྒྱུན་ལ་མཚོ་འདི་དང་ཕོ་བྲང་པོ་ཏ་ལའི་ཀླུ་རྒྱལ་མཚོ་གཉིས་འབྲེལ་ནས་ཡོད་ཅེས་བཤད་ཚུལ་འདུག་སྐད།  དགོན་པའི་འགྲེམ་སྟོན་ཁང་དུ་སྔོན་གྱི་ལྷ་ཁང་གི་ལྡེབས་རིས་ཉར་ཚགས་བྱས་འདུག་ལ།  ལྡེབས་རིས་དག་ལ་བོད་ཀྱི་རི་མོའི་འབྲི་སྟངས་འདུག་པར་བལྟས་ན་སྔོན་དགོན་པ་འདི་བོད་དགོན་ཞིག་གམ་བོད་དང་འབྲེལ་བ་ངེས་ཅན་ཡོད་སྙམ་པ་བྱུང་།  དེ་གའི་རྒྱའི་དགེ་འདུན་པ་ཞིག་གི་འགྲེལ་བརྗོད་ལས་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ལང་ཇུའི་ཡུལ་འདིར་ཕེབས་ནས་ཐོག་མར་ཆོས་གསུངས་པའི་གནས་ནི་ཡུལ་འདི་ཡིན་ལ་ཕྱིས་ཡོན་རྒྱལ་རབས་སྐབས་དགོན་པ་ཆགས།  ཆིན་རྒྱལ་རབས་ཀྱི་དུས་སྐབས་སུ་དགོན་པ་འདི་ཤིན་ཏུ་དར་རྒྱས་སུ་སོང་སྟེ་དགེ་འདུན་པ་སྟོང་ཕྲག་ལྷག་བཞུགས་ཟེར།

微信图片_20180110105449.jpg

ནུབ་པད་མོའི་སྡེ་དགོན་པ།

ལྔ།  ནུབ་པད་མོའི་སྡེ།

དེ་ནས་ལང་ཇུའི་མཁར་གྱི་ནུབ་ཕྱོགས་ཀྱི་ལེ་བར་ཉི་ཤུའི་མཚམས་ན་རི་བོ་པད་འདབ་གྲོལ་བའི་དབྱིབས་ཅན་བྱ་བྲལ་བ་བཟོད་པ་རིང་མོའི་སྐུ་གདུང་བཞུགས་པའི་གནས་ནུབ་པད་མོའི་སྡེ་(莲花寺)ཞེས་འབོད་པར་མཇལ་དུ་སོང་།  རླངས་འཁོར་སྐར་མ་ཉི་ཤུ་ལྷག་ལ་བསྐྱོད་མཐར་ནུབ་པད་མོའི་སྡེ་ལ་འབྱོར།  སྡེ་འདི་ཝུའུ་ཝེེ་གྲོང་ཁྱེར་གྱི་སྟོད་ཕྱོགས་ཀྱི་རི་རྒྱུད་ཆེན་པོའི་ལུང་བ་ཕུ་ཐག་རིང་བ་ཞིག་གི་ནང་ན་ཆགས་ཤིང་རི་བོའི་རྣམ་པ་པད་འདབ་གྲོལ་བའི་དབྱིབས་ཅན་དུ་བཤད།  ལུང་བའི་འདབས་དང་སྟོད་ཀྱི་རི་སྒང་སོགས་ནས་སྨད་ཀྱི་ཐང་ཆེན་པོའི་དཀྱིལ་གྱི་ཝུའུ་ཝེེ་གྲོང་ཁྱེར་ནི་གསལ་ལེར་མཐོང་ཐུབ།

༼མདོ་སྨད་ཆོས་འབྱུང་༽དུ། "མཁར་ནས་ནུབ་ངོས་ལེ་བར་སུམ་ཅུ་ན་ལེན་ཧཱ་ཟི་སྟེ།  པད་མོའི་སྡེ། དེར་ཁྲོ་ནག་གི་བླུག་སྐུ་མི་ཚད་ཙམ་ཐུབ་པ་གྲོང་ཁྱེར་མའི་རྣམ་ཅན་བཟོད་པ་རིང་མོའི་སྐུ་གདུང་དུ་གྲགས་པ་ཡོད།  འགའ་ཞིག་གིས་ནང་རྟེན་དུ་གདུང་ཧྲིལ་བོ།  ཁ་ཅིག་གིས་གདུང་རུས།  གཞན་དག་ཚེམས་གཉིས་བཞུགས་པར་འདོད་པ་དང་དྲོད་དང་ལྡན་ཟེར་བ་སོགས་བཤད་ཚུལ་མི་འདྲ་བ་མང་"ཞེས་གསུངས།  བཟོད་པ་རིང་མོ་ནི་ཆོས་རྗེ་ས་སྐྱ་པཎ་མཆོག་གི་སྐུ་སྲིང་མ་ཡིན།  ས་སྐྱ་པཎ་ཆེན་མཆོག་ལང་ཇུའི་ཡུལ་འདིར་ཕེབས་པ་ན་བཟོད་པ་རིང་མོ་ཡང་བྱ་བྲལ་གྱིས་ཡུལ་འདིར་བྱོན་ཏེ་མིང་སྲིང་ཞལ་འཛོམས་པར་ཆོས་རྗེ་ས་པན་གྱི་ཞལ་ནས།  བཟོད་པ་རིང་མོ་བྱོན་ལགས་སམ། །ས་ཁ་རྗེས་ཀྱིས་གང་ལགས་སམ། །ཁྱི་རྒན་འགྲམ་པ་བཅགས་ལགས་སམ། །ཞེས་གསུངས་པར་བཟོད་པ་རིང་མོས།  ས་སྐྱ་པཎ་ཆེན་བྱོན་ལགས་སམ། །རྡོ་རྗེ་ཕྲེང་བ་གནང་ལེགས་སམ། །དམ་ཉམས་ཀྱིས་ས་ཁ་གང་ལགས་སམ། །དམྱལ་བའི་དཔྱང་རྡོ་བྱས་ལགས་སམ། །ཞེས་ཞུས་པར་གྲགས།  བཟོད་པ་རིང་མོ་ནུབ་པད་མོའི་སྡེ་འདིར་ཡུན་རིང་ལ་སྒོམ་སྒྲུབ་མཛད།  ཕྱིས་ཤར་སྤྲུལ་བའི་སྡེར་ཆོས་རྗེ་ས་པན་མཆོག་ལ་སྐུ་བསྙུང་བཞེས་སྐབས་མོས་ཕྱོགས་དེར་ཡང་ཡང་གཟིགས་པ་དང་མི་མཐོང་ཚད་ལ་དྲིས།  ལན་ཅིག་ས་པན་མཆོག་སྐུ་གཤེགས་པའི་གཏམ་གསན་འཕྲལ།  བོད་ཕྱི་རབས་ཕྱི་རབས་ཉལ་ནས་འཆི། །ང་བཟོད་པ་རིང་མོ་ལངས་ནས་འཆི། །ཞེས་གསུངས་ནས་ནུབ་པད་མོའི་སྡེ་འདིར་འདས་པར་བཤད།  གཞན་ཆོས་རྗེ་ས་པཎ་གྱིས་དབང་གནང་སྐབས་བུམ་ཆུ་དང་རྡུལ་ཚོན་ལུང་བ་འདིར་གཤེགས་ཟེར།

ལུང་བའི་འདབས་ན་རྒྱ་ནག་གི་ནང་དགོན་ཞིག་འདུག་པའི་སྒོ་བརྒྱབ་པས་མཇལ་མ་ཐུབ།  དགོན་པ་འདི་ནུབ་པད་མོའི་སྡེ་ཡི་དགོན་ཤུལ་དངོས་དང་ནང་དུ་བཟོད་པ་རིང་མོའི་ཞབས་རྗེས་ལ་མཇལ་རྒྱུ་ཡོད་ཟེར།  ༼མདོ་སྨད་ཆོས་འབྱུང་༽དུ། "ལྷ་ཆུང་ལུང་བའི་ཆུ་འགྲམ་གྱི་ཕ་བོང་ལམ་བཟོད་པ་རིང་མོའི་ཞབས་རྗེས།  ཆུ་མེད་པར་ཞབས་ཀྱིས་ཕ་བོང་བསྒྱུར་བའི་ཤུལ་དུ་ཆུ་མིག་ཐོན་པའི་ངག་རྒྱུན་སྣང་"ཞེས་པ་ཡིན་པར་སྣང་།  དེང་ལུང་བའི་གང་དུ་ཡང་ཆུ་མིག་ཅིག་མཐོང་མ་བྱུང་།  དེ་ནས་ང་ཚོ་རྐང་ལམ་བརྒྱུད་ནས་ལུང་བའི་ཕུགས་ལ་བསྐྱོད་པ་ཡིན།  ལམ་བར་གྱི་ལུང་བའི་གཡས་གཡོན་ན་ལྷ་ཁང་ཆུང་ངུ་དང་སྔོན་གྱི་ལྷ་ཁང་འཇིག་ཤུལ་སོགས་མང་དུ་མཐོང་རྒྱུ་ཡོད་ལ།  རྒྱའི་དོ་ལུགས་པ་ལྐུགས་པ་ཞིག་ལས་མེད་པའི་དོ་ལུགས་ཀྱི་དགོན་པ་ཞིག་ལུང་བའི་དཀྱིལ་གྱི་རི་ངོས་ན་འདུག

ལུང་བའི་ཕུགས་སུ་སླེབས་དུས་ཀྱང་ག་ས་གང་དུ་ལྷ་ཁང་ཆེ་ཆུང་མང་དུ་མཆིས།  ལྷ་ཁང་དག་གི་ནང་དུ་རྒྱའི་ལུགས་ཀྱི་འཇིམ་སྐུ་ཁྲོ་གཉེར་ཅན་དང་ལྡེབས་རིས་སོགས་བཞེངས་འདུག  ལྷ་ཁང་གི་བྱ་འདབ་འོག་ཏུ་བྱ་དང་ར་ལུག་བསྡད་པས་བྱ་སྟུག་དང་རིལ་མས་བཀང་ཞིང་།  ནང་གི་ལྷ་སྐུ་དང་མཆོད་སྟེགས་སོགས་ས་རྡུལ་གྱིས་གཡོགས་འདུག་པ་མཐོང་དུས་རྒྱའི་༼ཆུ་ངོགས་གཏམ་རྒྱུད་༽ནང་བཤད་པའི་ལྷ་ཁང་དག་དྲན་པར་བྱེད།  ལུང་བའི་ཕུགས་ཀྱི་ཕར་ཕྱོགས་ཀྱི་རི་མཐོན་པོ་ཞིག་གི་རྩེ་ན་མཆོད་རྟེན་ཞིག་འདུག་པ་ནི་༼མདོ་སྨད་ཆོས་འབྱུང་༽དུ་བཤད་པའི་ཐུབ་པ་གྲོང་ཁྱེར་མའི་རྣམ་ཅན་བཟོད་པ་རིང་མོའི་སྐུ་གདུང་དུ་གྲགས་པ་དེ་ཡིན་པར་ལབ།  དུས་ཚོད་དང་འགྲོ་ལམ་སྟབས་མི་བདེ་བའི་དབང་གིས་དེར་མཇལ་ཐུབ་མ་བྱུང་།  ལྷོར་དབང་སྡེ་ན་གཏན་བཞུགས་གནང་བའི་ས་སྐྱའི་དགེ་འདུན་པ་ཁོང་གིས་བཤད་ན།  པད་མོའི་སྡེའི་ལུང་བའི་ནང་དེང་ནང་བ་དང་དོ་ལུགས།  ཡེ་ཤུ་སོགས་ཆོས་ལུགས་གསུམ་གྱི་ལྷ་ཁང་ཆུང་ངུ་མང་དུ་ཡོད་ལ།  སྔོན་བཟོད་པ་རིང་མོ་སྐུ་མཚམས་ལ་བཞུགས་གནས་དང་སྐུ་གཤེགས་དུས་སྐུ་གདུང་དེ་གར་བཞུགས་སུ་གསོལ་བ་ད་ལྟའི་རི་བོའི་རྩེ་ཡི་མཆོད་རྟེན་དེ་ཡིན།  འདབས་ཀྱི་རྒྱའི་དགོན་པ་དེ་སྔོན་གྱི་པད་མོའི་སྡེའི་དགོན་ཤུལ་དང་དེ་གར་བཟོད་པ་རིང་མོའི་ཞབས་རྗེས་ཀྱང་བཞུགས་ཟེར་བ་སོགས་ངོ་སྤྲོད་གནང་བྱུང་།

微信图片_20180110105457.jpg

微信图片_20180110105504.jpg

ནུབ་པད་མོའི་སྡེ་ཡི་ལུང་བའི་ཕུ།

དྲུག  ལྷོར་དབང་གི་སྡེ།

དེ་ནས་ང་ཚོ་ལྷོར་དབང་སྡེ་(金塔寺)ལ་མཇལ་དུ་སོང་།  ཝུའུ་ཝེེ་གྲོང་ཁྱེར་གྱི་ལྷོ་ནུབ་ཀྱི་སྤྱི་ལེ་བདུན་གྱི་མཚམས་ཀྱིན་ཐ་ཡུལ་ཚོ་ཟེར་བ་ན་འདུག   ༼མདོ་སྨད་ཆོས་འབྱུང་༽ལས།  མཁར་གྱི་ལྷོ་ཕྱོགས་ལེ་བར་སུམ་ཅུ་ཙམ་ན་ལྷོ་དབང་སྡེར་ཞེས་འབོད་པ་སྔོན་ཆོས་རྗེ་ས་པཎ་མཆོག་གིས་གོ་དན་དཔོན་གཡོག་ལ་དགྱེས་རྡོར་སོགས་གསང་བ་སྔགས་ཀྱི་དབང་ཆེན་མང་དུ་གནང་བའི་ཡུལ་དང་།   ལྷ་ཁང་དབུས་མར་ས་པཎ་གྱིས་ཐུབ་སྐུ་སོགས་བཞུགས་པ་དང་།  རབ་གནས་སྐབས་འཇའ་འོད་འཁྲུགས་པ་སོགས་ཡེ་ཤེས་པ་དངོས་སུ་ཞུགས་པའི་རྟགས་མཚན་བྱུང་།  རྒྱལ་བོ་འཁོར་བཅས་ལ་དབང་གནང་བའི་དཀྱིལ་སྟེགས་ཀྱི་རྡོ་གྲུ་བཞི།  སྐུ་བརྙན་མང་དུ་བཞུགས་པ་དང་།  ཡིག་རྙིང་དུ།  འཕགས་པས་འདིར་འཕྲེང་བའི་དབང་དང་ལས་བཞིའི་སྦྱིན་སྲེག་གནང་བར།  དྲག་པོའི་སྦྱིན་སྲེག་སྐབས་ཁྲོ་བོ་མཚོན་ཆ་ཐོགས་པ་སྣ་ཚོགས་པས་བསྟན་པ་སྤྱིའི་དགྲ་དགེགས་དངོས་སུ་བཀུགས་ནས་ཐབ་ཏུ་བཅུག་པའི་གནས་སུ་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས།  ནང་དུ་བྱིན་རྟེན་མང་དུ་བཞུགས་པ་དང་སྔར་དུས་ཆེན་རྣམས་སུ་འཇའ་འོད་འཆར་བ་དང་དྲི་བཟང་འཐུལ་བ།  རོལ་མོའི་སྒྲ་གྲགས་པ་དང་མེ་ཏོག་གི་ཆར་འབེབས་པའི་ལྟས་ངོ་མཚར་བ་སྣང་།  ཀྱ་ཆིན་ཁྲི་ལོ་བདུན་པའི་(1802)དུས་རྡོ་ཆར་བྱུང་བ་མཆོད་རྟེན་གྱི་རྩེ་ནས་འཇའ་འོད་བྱུང་བས་ཞི།  རྒྱབ་རིར་གུར་མགོན་དང་རི་གཞན་ལ་འཁོར་རྣམས་གནས་པར་བཤད།

ལྷོར་དབང་སྡེ་འདིར་རྒྱ་སྐད་དུ་(金塔寺)ཟེར་བ་འཕགས་པས་སྔོན་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས་པ་ལས་མིང་དེ་ལྟར་ཐོགས་པ་ཨེ་ཡིན་ནམ་སྙམ།  ཕྱི་ལོ1927ལོར་ཡུལ་འདིར་ས་ཡོམ་བྱུང་དུས་སྡེ་འདི་ལ་ཡང་གཏོར་སྐྱོན་བྱུང་།  བཅིང་བཀྲོལ་གྱི་རྗེས་ཙམ་ལ་རྟེན་གསུམ་ལྷ་ཁང་དང་འཇིགས་བྱེད་ལྷ་ཁང་།  གུར་མགོན་ལྷ་ཁང་སོགས་ད་དུང་མཇལ་དུ་ཡོད་ན་ཡང་།  ཕྱི་ལོ1966ལོའི་རིག་གསར་ནང་ཐམས་ཅད་འཇིག་ཚུལ་ཧྥན་པའོ་ལེང་དང་ཧྲེ་ཐེན་ཁྲང་གིས་བརྩམས་པའི་༼བྱང་སྤྲུལ་བའི་སྡེར་གྲོས་སུ་བཏབ་པ་མཁས་པ་མགུ་བའི་གཏམ༽ལས་བཤད།

ལྷོར་དབང་གི་སྡེ་ལ་དེང་ས་སྐྱ་དགོན་པས་བདག་གཉེར་དང་ལྕགས་རི་བསྐོར་ཏེ་ནང་དུ་འདུ་ཁང་དང་མ་ཎི་སོགས་བཞེངས་འདུག   སྒོ་ཆེན་བརྒྱུད་ནས་ནང་དུ་འབྱོར་དུས་ས་སྐྱའི་དགེ་འདུན་པ་ཞིག་གིས་སྣེ་ལེན་དང་བཅས་ང་ཚོ་འདུ་ཁང་ལ་མཇལ།  འདུ་ཁང་དུ་ས་སྐྱ་གོང་མ་རྣམ་ལྔའི་འབག་སྐུ་དང་གསུང་རྟེན་སྣ་ཚོགས།  ལྷག་པར་ལྡེབས་རིས་སུ་ཆོས་རྗེ་ས་པཎ་མཆོག་ཡུལ་འདིར་ཧོར་གོ་དན་མཆོག་གིས་གདན་འདྲེན་ཞུས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བ་སོགས་བྲིས་འདུག   དགོན་པ་བདག་གཉེར་མཁན་གྱི་ས་སྐྱའི་དགེ་འདུན་པ་ཞིག་དང་ཁ་བརྡ་བྱས་ནས་སྡེ་འདིའི་གནས་ཚུལ་ལ་རྒྱུས་ལོན་བྱས།   ཁོང་གིས་ས་པཎ་གྱི་སྐབས་ནས་ཡིན་ཟེར་བའི་ཆོས་དུང་དཀར་པོ་ཞིག་ལ་མཇལ་དུ་བཅུག  དེ་ནི་སེ་ཆེན་གྱིས་འགྲོ་མགོན་འཕགས་པ་ལ་དབང་ཡོན་དུ་ཕུལ་བ་ཡིན་ཟེར།  སྔོན་དགོན་པ་འདི་དར་རྒྱས་ཆེ་བའི་དུས་སྐབས་སུ་དགེ་འདུན་པ་ལྔ་སྟོང་ལྷག་བཞུགས་ཚུལ་དང་རིག་གསར་སྐབས་ཡོད་ཚད་ལ་གཏོར་སྐྱོན་ཐེབས་ཏེ་ཡུན་རིང་སྟོང་བར་ལུས།  ཕྱི་ལོ་༡༩༩༩ལོར་དཔལ་ས་སྐྱ་པའི་སྙན་རྒྱུད་ཀྱི་བདག་པོ་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་རམས་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཝུའུ་ཝེེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ལྷ་ཁང་གསར་བཞེང་གནང་རྒྱུའི་མཆོག་མཆན་ཞུས་པ་དང་ས་སྐྱ་རྫོང་མི་དམངས་སྲིད་གཞུང་ཆོས་དོན་ཅུས་ལ་ཡང་སྙན་སེང་ཞུས་པ་བརྒྱུད།  གོང་རིམ་ནས་ཀྱང་དོན་འདི་ཆོས་ལུགས་དང་ལོ་རྒྱུས་ཐོག་གལ་ཆེན་ཡིན་པར་དགོངས་ནས་ལྷོ་ཕྱོགས་དབང་གི་སྡེ་འཛུགས་བསྐྲུན་གྱི་ཆོག་མཆན་ཐོབ།  དེ་ནས་དགོན་པའི་ལྕགས་རི་དང་འདུ་ཁང་སོགས་བསྐྱར་དུ་བཞེངས་ཏེ།  ནང་དུ་སྐུ་གསུང་ཐུགས་རྟེན་སོགས་བཞེངས་ཚུལ་དང་།  དེང་ས་སྐྱ་ནས་དགེ་འདུན་པ་གསུམ་ཙམ་མངགས་ཏེ་བདག་གཉེར་བྱེད་ཀྱི་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།

微信图片_20180110105511.jpg

ལྷོར་དབང་གི་སྡེ་དགོན་པ།

བདུན་པ།  ཕྱིར་ལམ་ལ་ཞུགས་པ།

ལང་ཇུ་སྡེ་བཞི་ལ་མཇལ་ཚར་རྗེས་ཉི་མ་ནུབ་ལ་ཉེ།  ཉིན་གཅིག་གི་ལྗོངས་རྒྱུའི་དུས་ཚོད་ནི་འདི་ལྟར་འདས་སོང་།   སྡེ་བཞི་ལ་མཇལ་ཐུབ་པས་དགའ་བ་དང་སྤྲོ་བ་ནི་གནོན་མི་ཐུབ་པ་སྐྱེས།  དགོང་ཁའི་ཉི་ཟེར་དང་འགྲོགས་ནས་ང་ཚོ་ཕྱིར་ལམ་ལ་ཞུགས་ཏེ་ཝུའུ་ཝེེ་གྲོང་ཁྱེར་ཕྱོགས་སུ་བསྐྱོད།  སྤྱིར་བཏང་ཆོས་རྗེ་ས་པཎ་ཁོང་ཡུལ་འདི་ཕྱོགས་སུ་ཕེབས་པ་ནི་སོག་པོའི་བཙན་གྱི་སྒོ་ནས་དང་ཐབས་མེད་པར་ཕེབས་པ་ཞིག་ཡིན་སྲིད་ཀྱང་།  ཁོང་གི་བློ་གྲོས་དང་རྣམ་དཔྱོད་ཀྱིས་ཡུལ་འདི་ནས་ཆོས་ལུགས་གཞན་པའི་སྐྱེས་ཆེན་དག་ལས་རྣམ་པར་རྒྱལ་ཏེ།  སོག་པོ་དག་གིས་རྒྱལ་བོ་ལས་ཀྱང་བརྩི་མཐོང་བྱེད་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་གྱུར་ལ།  མཐར་སོག་པོས་བོད་ལ་དམག་གཏོང་པ་བཟློག་སྟེ་བོད་འབངས་འཇིགས་པ་ལས་སྐྱབས་པར་མ་ཟད་བོད་ཀྱི་རིག་གནས་སོག་ཡུལ་དང་རྒྱ་ནག   ཡུ་གུར།  མི་ཉག་སོགས་སུ་རྒྱུད་སྒྲོག་ལ་སྔར་ལས་ནུས་པ་གལ་ཆེན་ཐོན།  དུས་ད་ལྟ་ཡང་ས་པཎ་ཡབ་སྲས་ཕེབས་ལམ་དག་ཏུ་དེ་དུས་ཀྱི་དགོན་པ་མང་པོ་མ་འཇིག་པར་གནས་པ་མང་དུ་མཐོང་།  ལེ་བར་སྟོང་ཕྲག་གིས་ཆོད་པའི་ཡུལ་འདི་ནས་དེང་གི་དུས་སུ་ཡང་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་འཇམ་མགོན་ས་པཎ་མཆོག་གི་རིག་གནས་སྙིང་སྟོབས་དང་མཛད་འཕྲིན་མཐོང་ཐུབ་པས།  ངའི་དྲན་འཛིན་གྱི་ངོས་སུ་རང་དབང་མེད་པར་སྤོབས་ཉམས་ཤིག་དང་ང་རྒྱལ་ཞིག་སྐྱེས་བྱུང་།

བོད་མེ་བྱ་ཕྱི་ལོ2017ལོའི་ཧོར་ཟླ6 པ་རྗེས་མའི་ཚེས6ཉིན་ཡུལ་ལང་ཇིའི་མཁར་ནས་ཟིན་བྲིས་སུ་བཏབ།  ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་སྟེ་ཆོས་རྗེ་ས་པཎ་མཆོག་གི་དགོངས་རྫོགས་ཀྱི་ཉིན་མོར་རང་ཤག་ཏུ་བསྐྱར་བཅོས་ཀྱིས་གཏན་ལ་ཕབ་པའོོ།།

微信图片_20180110105518.jpg

  ༡.jpg

微信图片_20180110105534.jpg

ནུབ་པད་མོའི་སྡེའི་འདབས་ཀྱི་ཝུའུ་ཝེ་གྲོང་ཁྱེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།