མདུན་ཤོག- རིག་གནས་འཚོ་བ།- མཁས་པ་གྲགས་ཆེན།

སྒོ་མང་བློ་བཟང་ཚུལ་ཁྲིམས།

    2011-05-04 12:04

    སྒོ་མང་བློ་བཟང་ཚུལ་ཁྲིམས་ནི། རབ་བྱུང་བཅུ་བཞི་པའི་ལྕགས་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༨༤༡ལོའི་ཟླ་བ་༡༠ཚེས་༡༧ཉིན་མདོ་སྨད་གླིང་དཀར་སྟོད་ཀྱི་ཡོད་དར་ཞེས་པའི་ཡུལ་དུ་ཆོས་ཤུལ་ཡར་འཕེལ་དང་དཔལ་ཤུལ་དཀོན་མཆོག་སྐྱིད་ཀྱི་སྲས་སུ་འཁྲུངས།དགུང་ལོ་ལྔ་གསུམ་བཞེས་པ་ན་པཎ་ཆེན་དཔལ་ལྡན་བསྟན་པའི་ཉི་མས་སྒོ་མང་ཆོས་དར་གྱི་ཡས་སྲིད་དུ་ངོས་འཛིན་མཛད། དགུང་ལོ་དྲུག་པའི་ཐོག་ཏིག་གྱ་དཀོན་མཆོག་ཀློག་གི་སློབ་དཔོན་དུ་བསྟེན་ནས། ང་རོ་དང་སྦྱོར་ཀློག་ལེགས་པར་སྦྱངས། དགུང་ལོ་བདུན་པར་ཕེབས་པ་ན། བླ་བྲང་བཀྲ་ཤིས་འཁྱིལ་ནས་གདན་འདྲེན་པ་འབྱོར་བ་དང་ལྷན་ཅིག་ཏུ་བླ་བྲང་དགོན་ཕེབས། སྐུ་གོང་མའི་བཞུགས་ཁྲིར་མངའ་གསོལ་བར་མཛད་ཅིང་། སྐྱ་སེར་ཡོངས་ནས་འབུལ་བ་གྱ་ནོམ་པ་ཕུལ། ལོ་དེའི་ཟླ་བ༡༡པར་འཇམ་བཞད་སྐུ་ཐོག་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སྟབས་གཅིག་ཏུ་གནང་། དགེ་བཤེས་དངུལ་རའི་བསམ་གཏན་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས། དགེ་ཚུལ་གྱི་བསླབ་བྱ་བཅུ་སོགས་གསན་ཏེ་ཡོན་ཏན་གྱི་གཞི་ལེགས་པར་བཙུགས། སྐབས་དེར་བླ་བྲང་དུ་ལོ་གཅིག་ལྷག་ཙམ་བཞུགས་རྗེས་རང་ཡུལ་དུ་ལོག  ཡབ་ཆོས་ཤུལ་དང་གདན་ཁྲི་རིན་པོ་ཆེ། དཔལ་མང་དཀོན་མཆོག་རྒྱལ་མཚན་སོགས་ཀྱི་མདུན་བཀའ་ཆོས་མང་དུ་ཞུས། དགུང་ལོ་བཅུ་གསུམ་པར་བླ་བྲང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། སྐབས་དེར་འཚོ་བ་ངན་ངོན་ལ་བསྟེན་ཅིང་། བརྩོན་པ་ཆེན་པོས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་དང་། རིག་གནས་ཆེ་ཕྲ་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ། གསུང་ཆོས་ཀྱང་འགའ་ཞིག་བརྩམས། དགུང་ལོ་ཉེར་དྲུག་པ་མེ་སྟག་ལོའི་ཟླ་བ་ལྔ་པར་དབུས་གཙང་དུ་ཕེབས། དབུས་གཙང་གི་གཙུག་ལག་ཁང་དང་རྟེན་ཁྱད་འཕགས་ཡོངས་ལ་ཕྱག་འཚལ་དང་གནས་མཆོད་རྣམས་སུ་འཇལ་སྐོར་ཕེབས། དགུང་གྲངས་ཉེར་དགུ་པ་ས་སྤྲུལ་ལོར་རྭ་རྒྱའི་ཕྱག་མཛོད་སོགས་དང་ལྷན་དུ་རང་ཡུལ་དུ་ལོག ༡༩༠༧ལོའི་ཟླ་བ༤པའི་ཚེས་༢༥་ལ་དགོན་ལུང་དགོན་པར་སྐུ་གཤེགས། སྐབས་དེར་ཁོང་དགུང་གྲངས་དྲུག་ཅུ་རེ་བདུན་དུ་ཕེབས་སོ།