མདུན་ཤོག- རིག་གནས་འཚོ་བ།- མཁས་པ་གྲགས་ཆེན།

རྔ་རྒོད་བློ་བཟང་བྱམས་པ་རབ་རྒྱས།

    2011-05-04 12:06

    རྔ་རྒོད་བློ་བཟང་བྱམས་པ་རབ་རྒྱས་ནི་མདོ་སྨད་ཀྱི་སའི་ཆར་ཤིས་ཚང་ཞེས་པའི་ཡུལ་དུ། ཡབ་གཟུངས་འབུམ་རྒྱལ་དང་། ཡུམ་ཀླུ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་གི་ལོ་སྟེ་སྤྱོ་ལོ༡༧༨༡ལོིའ་ཟླ་བ༡༢པར་སྐུ་བལྟམས། འཁྲུངས་མ་ཐག་ཏུ། ཁྲི་ཆེན་བློ་བཟང་ཉི་མས་དཀོན་མཆོག་སྐྱབས་ཞེས་པའི་མིང་བཏགས། དགུང་གྲངས་ལྔ་པར་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོས་རྔ་རྒོད་ནམ་མཁའ་སེང་གེའི་སྐུ་སྐྱེ་རུ་ངོས་བཟུང་། དགུངལ་ལོ་བདུན་ལ་བཞེས་པ་ན། ཁྲི་ཆེན་བློ་བཟང་ཉི་མའི་དྲུང་དུ་རབ་ཏུ་བྱུང་། མིང་བློ་བཟང་བསྟན་པ་རབ་རྒྱས་བཏགས་པ་རེད།  དེ་ནས་བཟུང་ཡི་གེ་སྦྱོར་ཀློག་གི་འགོ་ཚུགས་པ་རེད། དགུང་ལོ་བརྒྱད་པར་སླེབས་སྐབས་དྲན་དབང་མཁས་བཙུན་སེང་གེའི་ཞབས་དྲུང་དུ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་སྦྱར་ཀློག་དག་པར་བསླབས། དགུང་ལོ་དགུ་པར་ཤུགས་ཡག་རི་ཁྲོད་དུ་ཕེབས། དགུང་ལོ་བཅུ་པར་ལྷ་འབྲུམ་བཏབ། ཁོང་གི་འབྲུམ་ཀོག་ལ་བརྟེན་ནས་བྱིས་པ་བརྒྱ་ལྷག་འབྲུམ་ནད་ལས་ཐར། དགུང་ལོ་བཅུ་གཅིག་པར་རང་ཡུལ་དུ་ཕེབས། སེར་སྐྱ་མང་ཚོགས་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། དགུང་ལོ་བཅུ་གཉིས་ནས་བཅོ་བརྒྱད་བར་གྱི་ལོ་བདུན་རིང་ལ་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་དབང་ལུང་ཁྲིད་སོགས་ཞུས་ཤིང་ཁོང་རང་ཉིད་ནས་ཀྱང་དབང་ལུང་སོགས་གནང་ཡོད་པ་རེད།དགུང་ལོ་བཅུ་དགུ་པར་དྲིན་ཆེན་བའི་ཡུམ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་བརྟེན། ཐུགས་སྐྱོ་བ་ཆེན་པོས་ཀུན་རིག་གི་སྦྱངས་ཆོག་ནན་ཏན་བགྱིས་ཤིང་། བླ་བྲང་དགོན་ནས་གུང་ཐང་རིན་པོ་ཆེ་གདན་དྲངས་ནས། འབོ་བ་དང་སྦྱངས་ཆོག  གཤིན་དབང་སོགས་ཀྱི་བཀའ་དྲིན་བསྩལ། ལོ་དེར་ཁྲི་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཁན་སློབ་སྦྲགས་མ་གནང་ནས་དགེ་འདུན་གྲངས་ཚད་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སློབ་དཔོན་བློ་བཟང་རྒྱལ་མཚན་དང་། དཔལ་མང་རིན་པོ་ཆེ་སོགས་ལ་དབང་ལུང་ཁྲིད་བཅས་མང་དུ་ཞུས། དགུང་ལོ་ཉེར་དགུ་པ་ས་སྦྲུལ་ལོའི་ཟླ་བ་ལྔ་པའི་ནང་། འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་དང་ལྷན་ཅིག་ཏུ་དབུས་གཙང་དུ་གནས་སྐོར་དུ་ཕེབས།རང་ལོ་སུམ་ཅུ་པ་ལྕགས་རྟ་ལོའི་ཟླ་བ་བདུན་པར་གདན་ས་བཀྲ་ཤིས་བཤད་སྒྲུབ་གླིང་དུ་ཚུར་ཕེབས། གཙུག་ལག་ཁང་གསར་བཏབ་དང་། ལྷ་སྐུ་གསར་བཞེངས། གསེར་དངུལ་གྱི་གསུང་རབ་གསར་བྲིས་སོགས་རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེན་པོ་སྤེལ། དགུང་ལོ་ཞེ་བརྒྱད་པར་རྔ་ཁོག་ཕྱོགས་ཀྱི་དགོན་གནས་རྣམས་སུ་ཕེབས་ཏེ་ཆོས་སྦྱིན་བསྩལ། ཞེ་དགུ་པར་སོག་ཡུལ་གྱི་དགོན་ཁག་རྣམས་སུ་ཕེབས། དགུང་ལོ་རེ་དགུ་རུ་ཕེབས་པའི་རབ་བྱུང་བཅུ་བཞི་པའི་ས་མོ་བྱའི་ལོ་སྟེ་སྤྱི་ལོ༡༨༤༩ལོའི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ།།    ཁོང་གི་གསུང་རྩོམ་ནི་སྣེ་གྲངས་ལྔ་བཅུ་ང་བཞི་ཡོད་པ་པོ་ཏི་ཀ་པ་དང་ཁ་པ་གཉིས་སུ་བསྡུས་པ་ཞིག་དང་། ནང་དོན་ཕལ་མོ་ཆེ་ཚེ་འགུགས་དང་སྦྱིན་སྲེག  བསྙེན་ཡིག   བསངས་མཆོད་སོགས་འདོན་ཆའི་ཆོ་གའི་སྐོར་ཡིན་ལ་དཀར་ཆག་དང་ཆབ་ཤོག་བསླབ་བྱའི་སྐོར་བཅས་ཀྱང་འགའ་ཞིག་ཡོད་དོ། །