དེ་ཡང་དུས་རབས་ཉེར་གཅིག་པའི་རྩོམ་རིག་གར་སྟེགས་ནས།རྣམ་དཔྱོད་ཀྱི་ལང་ཚོ་རྒྱས་པའི་དྲན་དབང་ཚོས་སྣོད་བཅུད་ཀྱི་དཔྱད་རྩོམ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་དག་ལས་སློབ་གསོའི་ཕྱོགས་ལའང་།སློབ་གསོ་བྱེད་མཁན་དང་བྱེད་སྟངས།བྱ་ཡུལ་དང་ནང་དོན། ཁྱད་ཆོས་དང་བྱེད་ཐབས་སོགས་ཐད་ཀྱི་དཔྱད་རྩོམ་ཡང་ཡར་ངོའི་ཟླ་བ་བཞིན་འཕེལ་དང་འཕེལ་བཞིན་ཡོད། བདག་གིས་དེ་དག་ལས་དེང་རབས་ཀྱི་ཕ་མ་འགས་བུ་ཕྲུག་ལ་གནང་བའི་སློབ་གསོའི་སྐོར་རགས་ཙམ་བརྗོད་ན་འདོད། སྤྱིར་སློབ་གསོ་ཞེས་པ་སྒྲ་བཤད་ཙམ་བཀོད་ན། ཤེས་བྱ་རིག་པའི་གནས་གོང་དུ་སྤེལ་ཐབས་སམ་འགྲོ་བ་མིའི་རིགས་ཀྱི་ནང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བར་བྱེད་པའི་བསླབ་བྱ་ཞིག་ལ་ཟེར།འདི་ལ་གོ་བ་ལེགས་པོ་ཞིག་ཆགས་སུ་བཅུག་སྟེ་སློབ་གསོ་བཏང་ན་ད་གཟོད་བུ་ཕྲུག་ཚོར་སློབ་གསོ་ཡག་པོ་ཞིག་གཏོང་ཐུབ་པ་ནི།ཕྱི་རྒྱལ་གྱི་མཁས་དབང་།ཨེར་ཝེ་ཞིའུ་ཡིས། ཕྲུ་གུ་དཀྱུས་མ་ཞིག་ཡིན་ནའང་སློབ་གསོ་ཡག་པོ་བྱུང་ཚེ།མི་ཕུལ་དུ་བྱུང་བ་ཞིག་ཡོང་ངེས།ཞེས་གསུངས་ཡོད། འགྲོ་བ་མི་ཞིག་ཡིན་ཚེ་ཐོག་མར་ཕ་མའི་སློབ་གསོ་ངེས་པར་བརྒྱུད་དགོས་ཏེ། ཕ་མའི་སློབ་གསོ་ནི། སློབ་གསོ་ཐམས་ཅད་ཀྱི་རྨང་གཞིའམ་རྩ་བ་ཡིན་ཏེ། བུ་ཕྲུག་ཚོ་འཚར་ལོངས་བྱུང་ནས་སྤྱི་ཚོགས་ཀྱི་བྱ་བ་དངོས་ཀྱི་ལག་ལེན་ཁྲོད། ཕ་མས་གནང་བའི་སློབ་གསོས་མི་དེའི་མི་གཤིས་བསམ་བློ་སོགས་ནས་བརྒྱ་ཆའི་ལྔ་བཅུ་ཡན་ཟིན་པར་སྙམ། དེའི་ཕྱིར་ཕ་མ་ཚོས་སློབ་གསོ་ཡག་པོ་ཞིག་གཏོང་རྒྱུ་གལ་ཆེ་བས་ཕ་མ་ནི་བུ་ཕྲུག་གི་ཆེས་ཐོག་མའི་དགེ་རྒན་དང་མ་འོངས་པའི་ལམ་སྟོན་སྒྲོན་མེ་ཡིན་ཞེས་བརྗོད་ཆོག་ཆོག་ཡིན།འཇིག་རྟེན་འདིར་བརྩེ་དུང་ཐམས་ཅད་ལས་ཕ་མས་བུ་ཕྲུག་ལ་བཅངས་པའི་བརྩེ་དུང་ལས་བརྩེ་བ་འགྱུར་མེད་ཅིག་དང་དུང་བ་ལྷད་མེད་ཅིག་ཡིན་པར་མ་ཟད། ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་སྲིད་པ་འདིར་སྟོབས་འབྱོར་མངའ་ཐང་དར་ཞིང་སྐྱེ་བོ་ཀུན་གྱིས་བརྩི་མཐོང་ཆེ་བའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་རྒྱུའི་རེ་འདུན་བཅངས་ཡོད་པ་སྨྲོས་མ་དགོས་མོད། འོན་ཀྱང་ཁོ་ཚོས་བུ་ཕྲུག་ལ་སློབ་གསོ་གཏོང་མཁས་མིན་གྱིས་ལེགས་ཉེས་འབྱུང་བ་ནི། ཨུ་རུ་སུའི་སློབ་གསོ་པ་མ་ཁ་ལེན་ཁོས། ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་བྱས་པ་མ་འདང་ཚེ་ཁོ་ཚོར་སྡུག་བསྔལ་ཆེན་པོ་ཡོད་མོད། ཡིན་ནའང་ཕ་མས་བུ་ཕྲུག་ལ་བྱམས་དྲགས་ཚེ། དེ་ནི་བརྩེ་དུང་ཟབ་མོ་བཅངས་པ་ཞིག་ཡིན་ནའང་ཕྱིས་འབྱུང་བུ་ཕྲུག་ལ་བར་ཆད་ཡོང་བའི་གཞི་རུ་འགྱུར་བའོ།། ཞེས་གསུངས་པ་ནང་བཞིན། ད་ལྟའི་སྤྱི་ཚོགས་ཁྲོད་ཕ་མ་འགའ་རེ་སྟོབས་འབྱོར་ཆེ་བ་ཡིན་ནའང་འདྲ། འཆར་ལྡན་བུ་སྐྱེའི་དབང་གིས་བུ་ཕྲུག་ཉུང་བ་ཡིན་ནའང་འདྲ། གང་ལྟར་བུ་ཕྲུག་ལ་སློབ་གསོ་མ་བཏང་བར་བུ་ཕྲུག་་་་་

    གི་བསམ་བློ་དང་བསྟུན་ནས་གང་འདོད་འདོད་ལྟར་བསྒྲུབ་ཏུ་བཅུག་པ་དེ་ནི། ཕ་མས་གཅེས་མ་ཤེས་བུ་ཕྲུག་གཅེར་བུར་ཕུད། ཅེས་པའི་གནད་ཐོག་ལ་གཟེར་བཏབ་པ་ལྟ་བུའི་ངག་རྒྱུན་འདི་དང་གཅིག་མཐུན་མ་ཡིན་ནམ། ཕ་མ་དེ་ཚོའི་རེ་འདོད་གཅིག་པུ་ནི། ཀུན་སྤྱོད་དང་། མི་གཤིས།འཇོན་ཐང་། ཚུལ་མཐུན་སོགས་མ་ཡིན་པར་སྐར་གྲངས་ཁོ་ན་རེད། སྐར་གྲངས་ཁོ་ནའི་དོན་དུ། ཁོ་ཚོས་མི་ཚེ་གཅིག་ལ་བསགས་པའི་དངུལ་ཁྲག་གི་རིན་ཐང་རྣམས། བུ་ཕྲུག་གི་སློབ་སྐབས་རེའི་སློབ་ཡོན་ལས་གཟའ་སྤེན་པ་དང་ཉི་མ་གཉིས་ཀྱི་མགྲོན་ཁང་དང་ཟ་མ།ཨ་རག་དང་བུད་མེད་ཚོའི་ཆེད་དུ་འགྲོ་གྲོན་བཏང་བ་ཅི་འདྲའི་ཕག་ཟུང་རིང་ཞིང་ཡངས་པ་ཞིག་རེད་ཨང་། དོན་དངོས་སུ་འདི་དག་གིས་ངའི་སེམས་གཏིང་ལ་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་པོ་རེ་དང་སེམས་སུ་བཟོད་མི་ཐུབ་པའི་ན་ཟུག་ཚད་མེད་ཅིག་བསླང་སྲིད། ཡིན་ནའང་ཕ་མ་རྣམས་བུ་ཕྲུག་གི་ཆེད་དུ་འཚོ་འདོད་ལ་བུ་ཕྲུག་རྣམས་རང་གི་ཆེད་དུ་བསྐྱོད་དགོས་པས། མིག་ཟུང་གི་རྒྱལ་མོ་བུ་ཕྲུག་ལ་གཏད་པའི་ཕ་མ་འདི་རྣམས་ཀྱིས་ཀུན་སྤྱོད་ཀྱི་སློབ་གསོ་གཙུག་ཏུ་བཟུང་ནས་གཏོང་དགོས་ཚུལ་ནི། འཇར་མན་གྱི་སློབ་གསོ་པ་ཧོར་པ་ཐེས།སློབ་གསོའི་བྱ་གཞག་འབའ་ཞིག་དང་དེའི་ལས་དོན་མཐའ་དག་ཀུན་སྤྱོད་ཁོངས་སུ་གཏོགས་ཆོག་ལ། སྒོས་སུ་ཀུན་སྤྱོད་ནི་མིའི་རིགས་ཀྱི་ཚད་མཐོའི་དམིགས་ཡུལ་ཞིག་ཡིན་པས། དེ་ཚད་མཐོའི་སློབ་གསོའི་དམིགས་ཡུལ་ཞིག་ཀྱང་ཡིན། ཞེས་གསུངས་ཡོད། ད་དུང་ཕྱི་རྒྱལ་གྱི་མཁས་དབང་། པེ་ཏུའོ་ཧྥེན་གྱིས། ཁྱེད་ཚོས་བུ་ཕྲུག་ཚོར་མི་བཟང་ལས་བཟང་དང་ཀུན་སྤྱོད་བཟང་པོའི་སློབ་གསོ་མང་ཙམ་བསྐྱོན་དགོས། ཀུན་སྤྱོད་བཟང་པོས་ང་ཚོར་བདེ་སྐྱིད་འཐོབ་ཐུབ་པ་ལས་རྒྱུ་ནོར་ལས་བདེ་སྐྱིད་འཐོབ་མི་ཐུབ། དེ་ངའི་མི་ཚེའི་ཉམས་མྱོང་གི་བསླབ་བྱ་ཡིན། ཞེས་གསུངས་པ་བཞིན་ནོ།། དེ་བས་ཕ་མ་རྣམས་ཀྱིས་ཀུན་སྤྱོད་སློབ་གསོ་གཙོས་པའི་མི་གཤིས་དང་། བསམ་བློ།བདེ་ཐང་། སེམས་ཁམས། ནུས་པ། སློབ་སྦྱོང་བྱེད་ཚུལ་སོགས་ཀྱི་སློབ་གསོའི་ཕུལ་བྱུང་བརྩམས་ཆོས་དག་ལ་མང་དུ་གཟིགས་ནས། ཕུལ་བྱུང་དགེ་རྒན་ཚོས་ལམ་སྟོན་བཞིན་པའི་རང་གི་ཚེ་སྲོག་ལས་གཅེས་པའི་བུ་ཕྲུག་དག་ལ་སློབ་གསོའི་རྒྱབ་སྐྱོར་བྱས་ན། ད་གཟོད་ཕུལ་བྱུང་མི་སྣ་ཞིག་ཏུ་འགྱུར་ཐུབ་པར་ང་ལ་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་ཡོད།

    ཁྱིམ་གྱི་སློབ་གསོའི་ཐད་ནས་བཤད་ན། ཁྱིམ་བདག་རྣམས་ཀྱི་ཁ་སང་གི་སློབ་གསོའི་འདུ་ཤེས་ཀྱིས་དེ་རིང་གི་བྱིས་པའི་མདུན་ལམ་གསར་སྐྲུན་བྱེད་བཞིན་ཡོད་པས།ངས་བལྟས་ན། “དྲིན་ཆེན་ཕ་མ”ཞེས་པ་དེ་ཡང་གཙོ་བོ“མི་ཇི་ལྟར་བྱེད་ཚུལ”གྱི་གནས་ལུགས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཨང་དང་པོ་ཡིན་པ་དང་།ཁྱིམ་ཚང་དེ་ཡང་འཇིག་རྟེན་སྟེང་གི་སློབ་གྲྭ་ཨང་དང་པོ་ཡིན་པས།བཀའ་དྲིན་གྱི་གཙོ་བོ་དེ་ནས་བྱུང་བ་ཡིན་ལ།བྱིས་པའི་ཐད་ནས་བཤད་ན། འཇིག་རྟེན་སྟེང་གི་བློ་སྒོ་འབྱེད་པའི་དགེ་རྒན་ཨང་དང་པོ་ནི་ཕ་མ་ཡིན་པ་དང་།བློ་སྒོ་འབྱེད་པའི་སློབ་གྲྭ་ཨང་དང་པོ་ཁྱིམ་ཚང་ཡིན་པས།ཁྱིམ་གྱི་སློབ་གསོས་བྱིས་པའི་འཕེལ་རྒྱས་དང་།མིའི་རིགས་ཀྱི་འཕེལ་རྒྱས་ལ་བསམ་ཡུལ་ལས་འདས་པའི་ཤན་ཤུགས་དང་ཡར་སྐུལ་ཐེབས་བཞིན་ཡོད།འགྲིམ་འགྲུལ་སྟབས་མི་བདེ་བ་དང་སྡོད་གནས་ཐར་ཐོར་ཡིན་པའི་རོང་འབྲོག་ས་ཁུལ་ལ་མཚོན་ན།ཁྱིམ་གྱི་སློབ་གསོས་བྱིས་པའི་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ནུས་པ་འདོན་བཞིན་ཡོད་པར་མ་ཟད།ད་དུང་བྱིས་སྙོར་ཁང་དང་།བྱིས་པ་འགུལ་སྐྱོད་ལྟེ་གནས་སོགས་ཀྱི་ནུས་པ་ཡང་ཐོན་བཞིན་ཡོད་པ་དཔེར་ན།གཞི་རིམ་གྱི་འབྲོག་ཁྱིམ་ཞིག་ལ་མཚོན་ན། ཐར་ཐོར་དུ་འཚོ་སྡོད་བྱེད་པའི་དབང་གིས། བྱིས་པ་ལོ་བརྒྱད་དགུ་ལ་ཐོན་རེག་བར་དུ་གཙོ་བོ་ཁྱིམ་ཚང་དང་ཕ་མ།རུ་སྐོར་གྱི་བྱིས་པ་ཉུང་ཤས་ཤིག་ལ་འབྲེལ་འདྲིས་བྱེད་པ་ལས།མི་དེ་བས་མང་པོ་ཞིག་ལ་འབྲེལ་འདྲིས་བྱེད་ཐུབ་ཀྱིན་མེད་པས།ཁྱིམ་གྱི་སློབ་གསོས་བྱིས་པའི་མི་ཚེ་ལ་ཤན་ཤུགས་གཞན་ལས་ལྷག་པ་ཞིག་འཇོག་བཞིན་ཡོད་ན་ཡང་།སློབ་གསོ་ཤེས་མཁན་གྱི་ཕ་མ་ཆེས་ཉུང་བས།གཞི་རིམ་རོང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་དང་ཁྱིམ་བདག་རྣམས་ལ་ཁྱིམ་གྱི་སློབ་གསོའི་ཤེས་བྱ་ཁྱབ་བསྒྲགས་དང་སྦྱོང་རྡར།གླེང་བརྗོད་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ།སློབ་གསོར་གཙིགས་ཆེན་བྱེད་པའི་ཕ་མ་ཚད་ལྡན་ཞིག་དང་སློབ་གསོ་གཏོང་ཤེས་པའི་ཕ་མ་འཇོན་ཐང་ཅན་མང་པོ་སྐྱེད་སྲིང་བྱ་རྒྱུ་ནི་བྱིས་པའི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པར་མ་ཟད།དབུལ་ཐར་ཕྱུག་སྒྱུར་གྱི་ཐབས་ལམ་ཡང་དག་པ་ཞིག་ཀྱང་ཡིན་པས་ཕ་མའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ་ནི་ཆེས་གལ་འགངས་ཆེ་བ་ཞིག་རེད།།

    རྩོམ་པ་པོ་ནི་ཧི་ནན་རྫོང་ཉིན་མཐའ་ཤང་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་ཡིན།
    མཚོ་སྔོན་བོད་ཡིག་གསར་འགྱུར། 2012.10.12། པར་ངོས18།

རྩོམ་སྒྲིག་པ། 仁增才让
རྩོམ་སྒྲིག་འགན་འཁུར་བ། 仁增才让


འབྲེལ་ཡོད་རྩོམ་ཡིག