བྱིས་པའི་དུས་ནི་མིའི་གོམས་གཤིས་སྐྱེད་སྲིང་བྱེད་པའི་དུས་ཆེས་བཟང་པོ་ཡིན་པས་སྤྱོད་པའི་གོམས་གཤིས་དང་འཚོ་བའི་གོམས་གཤིས་གཙོ་བོ་བྱས་ནས་སྐྱེད་སྲིང་ལེགས་པར་བྱ་དགོས། བྱིས་པའི་ལོ་ཚོད་ནི་མཐོང་ཚད་ལ་ལད་མོ་བྱེད་དགའ་ཞིང་རང་ཚུགས་མི་ཐུབ་པ་ཡིན་པས་ཡོ་བསྲང་ལམ་འདྲེན་བྱེད་པར་མ་མཁས་ན་ངན་ལང་དུ་འཆོར་སླ།

    དང་པོ། ནན་ཏན་སྒོས་བྱིས་པར་བླང་བྱ་འདོན་པ། བླང་བྱ་རེ་རེ་འདོན་པའི་སྔོན་ལ་ཞིབ་ཏུ་བསམ་བློ་གཏོང་དགོས། བྱིས་པའི་ནུས་ཚོད་ལྟར་བླང་བྱ་རིམ་གྱིས་ཇེ་མང་དུ་བཏང་ནས་བྱིས་པ་ཚོར་སྤྱིར་བཏང་གི་འཚོ་བའི་རྩ་དོན་ཤེས་སུ་འཇུག་དགོས་ཏེ། དཔེར་ན་སློབ་ཁྲིད་དུས་སུ་འུར་མ་བརྒྱབ་པར་དྲང་བོར་འདུག་པ་དང་སློབ་གྲོགས་གཞན་ལ་གནོག་མི་བྱེད་པ། འདི་དག་ལོབས་རྗེས་རིམ་གྱིས་སྤྱི་ཚོགས་བྱ་སྤྱོད་སྐོར་གྱི་བླང་བྱ་འདོན་པ་དཔེར་ན། མི་ལ་གུས་བཀུར་ཡོད་ཅིང་དགེ་རྒན་དང་ཐུག་ན་སྐད་ཆ་འདྲི་བ། གཞན་གྱིས་རོགས་རམ་བྱས་ན་བཀའ་དྲིན་ཆེ་ཞུ་བ་སོགས་ལྟ་བུ། གལ་ཏེ་དགེ་རྒན་གྱིས་བཏོན་པའི་བླང་བྱ་འོས་འཚམ་མིན་ན་བྱིས་པའི་ལུས་སེམས་གཉིས་ལ་གནོད་པ་ཐེབས་ངེས་པས་ཅིས་ཀྱང་གཟབ་དགོས། ང་ཚོས་བྱིས་པར་བླང་བྱ་འདོན་པའི་སྐབས་སུ་བྱིས་པའི་ལོ་ཚོད་ལ་དཔགས་ནས་ནང་དོན་སྟབས་བདེ་ཞིང་བརྗོད་ཚིག་ཁ་གསལ་དགོས། དཔེར་ན། ཞོགས་པར་སློབ་རའི་ནང་དུ་ཡོང་དུས་དགེ་རྒན་དང་སློབ་གྲོགས་ལ་བདེ་མོ་ཞེས་འདྲི་བ་དང་ཕྱི་དྲོར་སློབ་གྲྭ་གྲོལ་དུས་དགེ་རྒན་དང་སློབ་གྲོགས་ཚོར་བདེ་མོ་བྱོས་ཞེས་བཤད་དགོས། གཞན་དང་ཁ་བརྡ་བྱེད་དུས་བློ་རྩེ་སྒྲིམ་པ་དང་གཞན་གྱིས་སྐད་ཆ་བཤད་དུས་ནན་གྱིས་ཉན་རྒྱུ་ལས་སྐད་ཆ་ཕྲོགས་ནས་བཤད་མི་རུང་། གང་སར་ཁ་ལུད་མི་འཕེན་པ་དང་གཅིན་སྐྱག་མི་གཏོང་བའི་བྱིས་པ་གཙང་སྤྲ་ཅན་ཞིག་བྱ་དགོས། ཉིན་གུང་ངལ་གསོ་དུས་ཕུད་པའི་གོས་ལེགས་པར་བལྟབས་ནས་མལ་ཁྲིའི་གྲུ་ཞིག་ཏུ་འཇོག་པ་སོགས་རྒྱུན་གཏན་གྱི་འཚོ་བའི་གོམས་སྲོལ་ཡག་པོ་ཞིག་ལོབས་སུ་འཇུག་དགོས།

    གཉིས་པ། བྱིས་པར་མུ་མཐུད་དུ་སྐུལ་བསྟོད་བྱས་ནས་སྦྱོང་རྡར་ཁྲོད་དུ་བྱ་སྤྱོད་ཡག་པོ་ཆགས་སུ་འཇུག་དགོས། བྱིས་པ་ཚོས་ཅི་ཞིག་བྱས་ཀྱང་ཡུན་རིང་དུ་འཁྱོངས་དཀའ་བས།ངས་བྱིས་པའི་ཁྱད་ཆོས་འདི་བཟུང་ནས་མུ་མཐུད་དུ་གཟེངས་བསྟོད་བྱེད་པའི་ཐབས་ལ་བརྟེན་ནས་བྱིས་པའི་བྱ་སྤྱོད་མི་ལེགས་པ་དག་ཡོ་བསྲང་བྱེད་དུ་བཅུག་པ་ཡིན། དཔེར་ན་ཉིན་གུང་གཉིད་པའི་སྐབས་སུ་བྱིས་པ་ལ་ལ་ལངས་ནས་གཅིན་གཏོང་བར་འགྲོ་དགོས་པས་གོམ་སྒྲ་ཡང་མོ་བྱས་ནས་འགྲོ་མི་ཤེས་པས་སྐབས་དེར་ངས་བྱིས་པ་དེར་གོམ་སྒྲ་ཡང་མོ་བྱ་དགོས་པའི་ལྐོག་བརྡ་ཞིག་བཏང་ནས་ཁོས་བརྡ་གོ་ནས་གོམ་སྒྲ་ཇེ་ཡང་དུ་བཏང་ཚེ།ངས་མགོ་ལྡེམ་ལྡེམ་བྱས་ནས་འཛུམ་གྱིས་གཟེངས་བསྟོད་ཀྱི་ཚུལ་བསྟན་པ་ན་བྱིས་པ་དེ་དགའ་ནས་ཕྱིས་སུ་ཚང་མ་གཉིད་དུས་ཕྱིར་འགྲོ་ན་རང་གིས་མཉམ་འཇོག་བྱས་ནས་གོམ་སྒྲ་ཇེ་ཡང་དུ་གཏོང་ངེས་རེད།

    གསུམ་པ། བྱིས་པའི་ཕྲན་ཚགས་ཀྱི་ནོར་སྐྱོན་ཙམ་ཡང་དག་སེལ་བྱ་དགོས། བྱིས་པ་ཚོ་ནི་རྒྱུན་གཏན་གྱི་བྱ་བ་ཆུང་ཆུང་དག་གི་ཁྲོད་ནས་རིམ་གྱིས་གོམས་གཤིས་ངན་པ་ལོབས་སླ་བས་དགེ་རྒན་གྱིས་དུས་ཐོག་ཏུ་མཛུབ་སྟོན་ཡོ་བསྲང་བྱ་དགོས།བྱིས་པ་ལ་ལས་ཅི་ཞིག་མ་འདོད་ན་སར་འགྱེལ་ནས་རྐང་བ་གཉིས་ཀྱིས་ཤུགས་གང་ཡོད་ཀྱིས་ས་ལ་བརྡེགས་པ་དང་སྐད་ཆེན་པོས་ངུ་བ། ཡང་བྱིས་པ་ལ་ལས་གཞན་གྱི་རྩེད་ཆས་མཐོང་ན་ཆ་རྐྱེན་མེད་པར་རང་ལ་སྟེར་དགོས་པ་སོགས་བྱ་སྤྱོད་འདི་དག་སྣང་མེད་དུ་སྐྱུར་མི་རུང་བར་ཐབས་མཁས་སྒོ་ནས་ཡོ་བསྲང་བྱ་དགོས། བྱིས་པ་ཁང་དུ་ཡོང་མ་ཐག་པའི་བྱིས་པ་ཆུང་ཆུང་དག་གིས་ཐུག་པ་འཐུང་དུས་ཕར་ཚུར་བལྟ་བ་དང་ཚོད་མ་བླངས་ནས་གང་སར་འཕེན་པ། འགྲམ་གྱི་བྱིས་པ་དང་ཁ་བརྡ་རྩེད་མོ་ལ་མགོ་འཁོར་ནས་ཐུག་པ་དཀར་ཡོལ་གང་དུས་ཚོད་ཕྱེད་ཙམ་འདས་ན་ད་དུང་འཐུང་མི་ཚར་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཁོ་ཚོར་སྐུལ་ལྕག་གིས་སྤྲོ་སེམས་བསྐྱེད་ན་རིམ་གྱིས་གོམས་གཤིས་ངན་པ་འདི་དག་རྩ་བ་ནས་སེལ་ཐུབ་པ་ཡིན།

    བཞི་པ། རྩེད་མོ་ལ་བརྟེན་ནས་བྱིས་པར་སྤྱོད་བཟང་ལོབས་སུ་འཇུག་པ། རྩེད་མོ་ནི་བྱིས་པའི་བྱ་འགུལ་གཙོ་བོ་ཡིན་པས་རྩེད་མོའི་ཁྲོད་ནས་བྱིས་པའི་སྤྲོ་སེམས་བསྐྱེད་ཅིང་རིགས་ལམ་ཇེ་སྐྱེན་དུ་སྦྱང་དགོས། བྱིས་པ་ཚོ་རྩེད་མོའི་བྱ་འགུལ་བརྒྱུད་དེ་མི་དང་མིའི་བར་གྱི་འབྲེལ་བ་ཇེ་དམ་དུ་སོང་ནས་རིམ་གྱིས་ཡ་རབས་ཀྱི་སྤྱོད་བཟང་ཆགས་ངེས་རེད། དེར་མ་ཟད་ད་དུང་རྩེད་མོའི་སྐབས་སུ་བྱིས་པ་ལ་ལའི་མ་རབས་ཀྱི་སྤྱོད་པའང་མངོན་སླ་བས་དགེ་རྒན་གྱིས་མཐོང་ན་དུས་ཐོག་ཏུ་ཡོ་བསྲང་བྱེད་པར་ཕན་པ་ཆེ་སྟེ།དཔེར་ན། ཐེངས་ཤིག་ངས་བྱིས་པ་ཚོ་རྩ་འཛུགས་བྱས་ནས་མིང་ལ་ཟས་མཆོག་ཁྲོམ་ཞེས་པའི་རྩེད་མོ་ཞིག་རྩེད་བཞིན་པའི་སྐབས་སུ་གློ་བུར་དུ་ཚེ་དབང་དང་སྒྲོལ་མ་གཉིས་བར་ལ་རྩོད་པ་བྱུང་བར་རྒྱུ་མཚན་དྲིས་པ་ན་རྩེད་ཆས་གསར་བ་རྩོད་པ་རེད། བྱིས་པ་སུ་ཡིན་རུང་རྩེད་ཆས་རྙིང་བ་རྩེད་མི་འདོད་པས་ཇི་ལྟར་འདུམ་འགྲིག་བྱེད་པར་ངས་བསམ་བློ་ཞིག་བཏང་རྗེས་རྩེད་ཆས་རྙིང་བ་དེ་རང་གི་རྣ་རྩར་བླངས་ནས་ཞིབ་ཏུ་ཉན་ཁུལ་ཙམ་བྱས་རྗེས་བྱིས་པ་དེ་གཉིས་ལ་བཤད་རྒྱུར། རྩེད་ཆས་རྙིང་བ་འདི་སྙིང་རེ་རྗེ། ཁོ་རང་བྱིས་པ་ཆུང་ཆུང་འདི་དག་ལ་ཆེས་དགའ་རུང་ཁོ་ཚོ་ང་དང་རྩེད་མི་འདོད་པས་ང་སེམས་སྡུག་ལངས་ནས་ངུས་ན་འདོད་ཟེར། དེས་ན་སློབ་གྲོགས་ཚོར། ཁྱོད་ཚོ་སུ་ཞིག་ཁོ་དང་རྩེ་འདོད་ཅེས་ངས་འདི་ལྟར་དྲིས་པ་ན་ཚེ་དབང་གིས་རྩེད་ཆས་རྙིང་བ་དེ་བཟུང་ནས་རྩེ་བ་རེད། ཁོ་གཉིས་ལ་འཛུམ་ཞིག་ཤོར་ནས་བཤད་རྒྱུར། དགེ་རྒན་ལགས། ང་ཚོས་ཕྱིན་ཆད་རྩོད་པ་མི་བྱེད། ངས་གོ་སྐབས་འདི་དང་བསྟུན་ནས་སློབ་མ་ཚོར་མཐུན་སྒྲིལ་བྱ་དགོས་པ་དང་ཕན་ཚུན་ལ་རོགས་རམ་གུས་བཀུར་བྱ་དགོས་པའི་སྐོར་གྱི་སློབ་གསོ་བཏང་ཞིང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ།

    ལྔ་པ། དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་བྱིས་པ་ཚོ་ནན་ཏན་སྒོས་སྐྱེད་སྲིང་བྱ་དགོས། བྱིས་པ་ཚོ་ལད་མོ་བྱ་རྒྱུར་དགའ་ཞིང་ལྷག་པར་རང་གི་དགེ་རྒན་གྱི་ཚུགས་ཀ་རྣམ་འགྱུར་ལ་ཐད་ཀར་ལད་མོ་བྱེད་དགའ་བ་རེད། བྱིས་པ་ཚོར་དཔེ་མཚོན་ནས་བཤད་ན་དགེ་རྒན་གྱི་སྐད་ཆ་ནི་དམ་པའི་བཀའ་ཡིན་པས་དགེ་རྒན་ཚོས་ཀྱང་སྐད་ཆ་བཤད་དུས་བསམ་མནོ་གཏོང་དགོས་པ་ལས་ཁར་ཚིག་གང་ཤོར་བཤད་མི་རུང་། བྱིས་པ་ཚོར་བྱ་བ་གང་གང་བསྒྲུབ་དགོས་ཟེར་ན་སྔོན་ལ་རང་གིས་བསྒྲུབ་ཐུབ་དགོས། གལ་ཏེ་རང་གིས་བྱིས་པ་ཚོའི་མདུན་དུ་དཔེ་ཡག་པོ་ཞིག་སྟོན་མ་ཐུབ་ན་ཅིས་ཀྱང་རང་གི་ནོར་འཁྲུལ་ཡིན་པ་ཁས་ལེན་དགོས། དྲན་པ་ལྟར་ན་ཐེངས་ཤིག་སློབ་ཐུན་གྲོལ་དུས་ང་སློབ་ཁང་ནང་དུ་སོང་བ་ན་བྱིས་པ་གཉིས་ཅོག་ཙེ་སྟེང་དུ་བསྡད་དེ་ཁ་བརྡ་བྱེད་བཞིན་འདུག ངས་དེ་གཉིས་ཀར་སྐྱོན་བརྗོད་ཙམ་བྱས་པ་ན་བྱིས་པ་ཞིག་གིས་སྐད་དམའ་མོའི་སྒོ་ནས་བཤད་རྒྱུར། དགེ་རྒན་རང་ཡང་སྐབས་སྐབས་སུ་ཅོག་ཙེ་སྟེང་དུ་བསྡད་དེ་ང་ཚོར་སློབ་ཁྲིད་བྱས་པ་རེད་ཟེར། ངས་སྐད་ཆ་དེ་ཚོར་རྗེས་རེ་ཞིག་ཧ་ལས་སོང་། ཞིབ་ཏུ་འདང་ཞིག་བརྒྱབ་པ་ན་རང་གིས་ངོ་མ་དེ་ལྟར་བྱས་མྱོང་བས།ངས་བྱིས་པ་དེར་སྐད་ངག་འཇམ་པོས་དགེ་རྒན་ལ་དེ་འདྲའི་སྐྱོན་ཡོད་ན་ཁྱོད་ཚོས་དུས་ཐོག་ཏུ་བཤད་དགོས། ཕྱིས་སུ་ང་ཚོས་ཕན་ཚུན་ལ་ལྟ་སྐུལ་བྱས་ནས་སུས་ཀྱང་དེ་འདྲའི་གོམས་གཤིས་ངན་པ་ལེགས་བཅོས་བྱ་དགོས། དགེ་རྒན་གྱིས་རང་གི་བྱ་སྤྱོད་རྣམ་འགྱུར་ཚད་ལྡན་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེའོ།།

    དྲུག་པ། བྱིས་པ་ཚོའི་ལ་རྒྱ་དང་ཡིད་ཆེས་སྐྱེད་སྲིང་བྱེད་པ། ལ་རྒྱ་དང་ཡིད་ཆེས་ནི་མི་ཞིག་གི་བསམ་པའི་སྲོག་ཤིང་ཡིན། ནུས་པ་ཞན་པའི་བྱིས་པ་རྣམས་ཀྱིས་རང་གིས་འབད་པ་བྱས་ནས་ཐོབ་པའི་གྲུབ་འབྲས་ཆུང་ཆུང་ཙམ་ལའང་ཁས་བླངས་ནས་སྐུལ་ལྕག་གཟེངས་བསྟོད་བྱས་ན་ཁོ་ཚོ་དགའ་ཐག་ཆོད་ཀྱིས་རང་གིས་རང་ལ་ཡིད་ཆེས་བརྟན་པོ་བཅངས་ནས་མུ་མཐུད་དུ་འབད་ངེས་རེད། ང་ཚོས་དུས་རྒྱུན་དུ་བྱིས་པ་ཚོར་གུས་བཀུར་དང་སེམས་ཁུར་བྱས་ནས་ཁོ་ཚོའི་སྐྱོན་ཆུང་ཆུང་ཙམ་ལ་མི་སྙན་པའི་ཚིག་རྩུབ་ཀྱིས་སྐྱོན་བརྗོད་མི་བྱེད་པར་ངང་རྒྱུད་རིང་བོའི་སྒོ་ནས་སློབ་གསོ་བྱས་ན་བྱིས་པ་ཚོའི་ལ་རྒྱ་སྐྱོང་ཐུབ་ངེས་རེད།

    བདུན་པ། སློབ་གྲྭ་དང་ཁྱིམ་ཚང་གིས་མཉམ་འབྲེལ་སྒོས་བྱིས་པར་གོམས་སྲོལ་ཡག་པོ་ལོབས་སུ་འཇུག་པ།ཉེ་བའི་ལོ་འདི་འགའི་རིང་ལ། བྱིས་པའི་སློབ་གསོར་ཁྱིམ་བདག་གིས་མཐོང་ཆེན་བྱེད་ཚད་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད་པ་ནི་དགའ་འོས་པའི་དོན་བཟང་ཞིག་རེད། འོན་ཀྱང་ཁྱིམ་བདག་ལ་ལས་རང་གི་བུ་བུ་མོའི་མ་འོངས་པའི་མདུན་ལམ་ཆེན་མོར་རེ་འདུན་ཞིག་ཏུ་དམིགས་ནས་བྱིས་པའི་བློ་སྒོ་འབྱེད་རྒྱུར་མཐོང་ཆེན་བྱེད་པ་ལས་བྱིས་པའི་གོམས་གཤིས་ཀྱི་སྐྱེད་སྲིང་་སྣང་མེད་དུ་བསྐྱུར་བ་ནི་དོན་དམ་པར་ནོར་འཁྲུལ་ཆེན་པོ་ཞིག་རེད། སློབ་གྲྭ་དང་ཁྱིམ་བདག་གིས་བྱིས་པའི་གོམས་གཤིས་སྐྱེད་སྲིང་གཙོ་བོར་འཇོག་དགོས། འདི་ལྟར་བྱས་ན་བྱིས་པ་ཚོ་ནར་སོན་རྗེས་གཞི་ནས་མི་རིགས་དང་རྒྱལ་ཁབ་ལ་ཕན་ཐོགས་པའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་རེ་བ་ཡོད། དེ་ལས་ལྡོག་ན་བློ་རིག་པ་ཇི་ལྟར་བཀྲ་ཡང་སྤྱོད་པ་མ་བཟང་ན་གཞན་ཕན་ཕར་ཞོག་རང་ལའང་མཐར་བརླག་པའི་རྒྱུ་ཡིན་ངེས་རེད། །

    རྩོམ་པ་པོ་ནི་དཔའ་རིས་བོད་རང་སྐྱོང་རྫོང་བྱིས་པའི་དགའ་ཚལ་གྱི(张尕照吉)དང(银措)ཡིན།
    མཚོ་སྔོན་བོད་ཡིག་གསར་འགྱུར། 2012.10.12། པར་ངོས19།   

རྩོམ་སྒྲིག་པ། 仁增才让
རྩོམ་སྒྲིག་འགན་འཁུར་བ། 仁增才让


འབྲེལ་ཡོད་རྩོམ་ཡིག