མདུན་ཤོག- རིག་གནས་འཚོ་བ།- སྒྱུར་རྩོམ།- སྙན་རྩོམ།

ཟླ་བ་ཉ་གང་གི་ལེའུ། གྱེས་ཕག

རྩོམ་པ་པོ། ཐེ་ཀོར་གྱིས་བརྩམས།རྒྱ་གར། རྭ་ཅོ་ནག་པོས་བསྒྱུར།མཚོ་ལྷོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-02-18 10:34

    གྱེས་ཕག

    ཨ་མ། བུ་ཆུང་ང་འགྲོ་རན་ལ་བསླེབས་པས། ང་བུད་སོང་།

    ལྷིང་འཇགས་ཀྱི་སྐྱ་རེངས། ཁྱོད་ཀྱིས་རབ་རིབ་ཀྱི་འོད་མདངས་ངོགས་སུ་མལ་ཁྲི་རུ་ཡོད་པའི་གཅེས་ཕྲུག་གི་ཕྱོགས་སུ་ལག་ཟུང་བརྐྱངས་ཡོང་། གཅེས་ཕྲུག་མི་འདུག ཨ་མ་ང་བུད་སོང་། ངས་དེ་ལྟར་སྨྲ་སྲིད།

    ང་ནི་བསིལ་རླུང་ཞིག་ཏུ་གྱུར་ཏེ་ཁྱོད་ལ་བྱིལ་བྱིལ་གཏོང་ངེས། ཁྱོད་རང་ཁྲུས་ལ་ཞུགས་དུས་ང་ནི་ལྦུ་བ་ཞིག་ཏུ་གྱུར་ཏེ་ཁྱོད་ཀྱི་ལུས་སུ་ཡང་ཡང་འོ་ཞིག་བྱེད་ངེས།

    རླུང་ལྡང་བའི་མཚན་མོར། ཆར་བས་ལོ་མར་རྡེག་དུས། མལ་ཁྲི་རུ་སྡོད་པའི་ཁྱོད་ཀྱིས་ང་ཡི་ཤབ་ཤུབ་ཀྱི་སྐད་ཆ་དག་ཐོས་ངེས། གློག་འོད་དེ་སྒེའུ་ཁུང་བརྒྱུད་ནས་ཁྱོད་ཀྱི་ཁང་བ་རུ་འཛུལ་དུས། ང་ཡི་དགོད་སྒྲའང་དེ་དང་བསྡོངས་ནས་ཁྱོད་ཀྱི་ཁང་ཁྱིམ་དུ་ལྷགས་ཡོད།

    གལ་སྲིད། ཁྱོད་ཀྱིས་མལ་ཁྲི་རུ་རང་ཉིད་ཀྱི་གཅེས་ཕྲུག་དྲན་ནས་གཉིད་མི་ཡོང་ཚེ། ང་ཡིས་སྐར་ཚོགས་ཀྱི་དབུས་ནས་ཁྱོད་ལ། གཉིད་རོགས། ཨ་མ། གཉིད་རོགས་ཞེས་སྙན་འཇེབས་ཀྱི་གཉིད་གླུ་འགུག་ངེས། ང་ནི་ཟླ་བ་དང་བསྡོངས་ཏེ་ཁུ་སིམ་མེར་ཁྱོད་ཀྱི་མལ་ཁྲི་རུ་ཕྱིན་ནས། ཁྱོད་རང་གཉིད་སྣང་ལ་རོལ་དུས། ངའང་ཁྱོད་ཀྱི་བྲང་གཞུང་དུ་གཉིད་འདོད།

    ང་ནི་རྨི་ལམ་ཞིག་ཏུ་གྱུར་ཏེ་ཁྱོད་ཀྱི་མིག་ལྕིབས་ཀྱི་སྲུབས་ཀ་བརྒྱུད་ནས་ཁྱོད་ཀྱི་གཉིད་སྣང་ཟབ་ས་རུ་འཛུལ་ཡོང་། ཁྱོད་རང་གཉིད་ལས་ཧར་སད་བྱས་ཏེ་མཚར་སྣང་གིས་ཕྱོགས་སོ་སོར་བལྟ་དུས། ང་ནི་སྲིན་འབུ་མེ་ཁྱེར་ཞིག་ལྟར་མུན་པའི་ཟབ་ས་རུ་འཕུར་འགྲོ།

    གཟབ་རྒྱས་ཀྱི་ལྷ་མཆོད་དུས་ཆེན(1)ལ། ཁྱིམ་མཚེས་ཀྱི་བུ་ཆུང་ར་སྐོར་གྱི་མཐའ་རུ་རྩེ་དུས། ང་ནི་འཕྲེད་གླིང་གི་དབྱངས་རྟར་འཐིམས་ཏེ་ཉིན་དེ་གང་བོར་ཁྱོད་སེམས་ཀྱི་བྱང་ཐང་ལ་མཆེད་ངེས།

    སྙིང་ཉེ་བའི་ཨ་ཕྱི་རྒན་མོས་དུས་ཆེན(2)གྱི་ལེགས་སྐྱེས་བསྣམས་ཡོང་། ཁོ་མོ་ན་རེ། ཨ་ཅེ། འུ་ཚང་གི་གཅེས་ཕྲུག་གང་དུ་ཡོད། ཨ་མ་ཁྱོད་ཀྱིས་གཉོམ་དུང་དུང་ངང་ན་རེ། བུ་ཆུང་ཁོ་ཨ་མ་ང་ཡི་མིག་ཟུང་ན་ཡོད་ལ། ཨ་མ་ང་ཡི་རྣམ་ཤེས་དང་ལུས་སེམས་ནའང་ཡོད་ཟེར། །

    (1)ལྷ་མཆོད་དུས་སྟོན། རྒྱ་གར་སྐད་དུ(Puja)ཟེར་ལ། ལྷ་མཆོད་ཆེན་མོ་ཞེས་པའི་དོན་དང་འདྲ། ནང་བསྟན་པའི་ལུགས་ཀྱི་ཟླ6པའི་ཚེས15ཉིན་མོ་ནང་ཆོས་འཁྲུངས་སྐར་དུ་བཞེད་ཅིང་།(Vis—akha Pujaསྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་ཉིན་མོ་དང་སངས་རྒྱས་པ་དང་སྐུ་མྱ་ངན་ལས་འདས་པའི་ཉིན་མོ་བཅས་ཡིན) ནང་བའི་ལུགས་ཀྱི་ཟླ4པའི་ཚེས15ཉིན་གྱི་དུས་ཆེན་སུམ་འཛོམས།(Asala---haPujaསྟོན་པ་ཤཱཀྱ་ཐུབ་པས་བུ་སློབ5ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཉིན་མོ) རྩོམ་འདིར་བྱུང་བའི(Puja)ནི་རྒྱ་གར་བའི་ནང་ཆོས་སུ་བྱུང་བའི་ཟླ10 བའི་ནང་གི་ཡུམ་མཆོད་དུས་སྟོན་ལ་ངོས་འཛིན་བྱེད་ཆོག

    (2)དུས་ཆེན་གྱི་ལེགས་སྐྱེས་ཞེས་པ་ནི་གཉེན་ཉེ་དང་གྲོགས་པོ་ཕན་ཚུན་ལ་སྐྱེས་སུ་དབུལ་རྒྱུའི་ལེགས་སྐྱེས་ལ་ཟེར་བ་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག