མདུན་ཤོག- རིག་གནས་འཚོ་བ།- སྒྱུར་རྩོམ།- སྙན་རྩོམ།

ཟླ་བ་ཉ་གང་གི་ལེའུ།འབོད་པ།

རྩོམ་པ་པོ། ཐེ་ཀོར་གྱིས་བརྩམས།རྒྱ་གར། རྭ་ཅོ་ནག་པོས་བསྒྱུར།མཚོ་ལྷོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-02-18 10:34

    འབོད་པ། ཁོ་མོ་ང་ཚོ་དང་གྱེས་དུས། ཕྱི་རོལ་ནི་ཅི་ཡང་མི་སྣང་བའི་མུན་པ་ཁོ་ན་ཡིན་ལ། ང་ཚོ་སྔར་བཞིན་གཉིད་སྣང་ལ་རོལ།

    ད་ལྟའང་། ཕྱི་རོལ་ནི་ཅི་ཡང་མི་སྣང་བའི་མུན་པ་ཁོ་ན་ཡིན་ལ། ངས་སྐད་ཅོར་བརྒྱབ་སྟེ། ཕྱིར་ཤོག ང་ཡི་གཅེས་ཕྲུག འཇིག་རྟེན་ཁམས་ཆེན་མོ་གཉིད་དུ་ཡུར་སོང་། རྒྱུ་སྐར་གྱིས་ཕན་ཚུན་ལ་ཟུར་མིག་འཕེན་དུས། ཁྱོད་ནི་ཕྱིར་ལོག་པའི་སྐད་ཅིག་མ་དེ་ཚོར་མཁན་ཞིག་ཡོད་མི་སྲིད་ཅེས་འབོད་པ་བྱས།

    ཁོ་མོ་ང་ཚོ་དང་གྱེས་དུས། ལྗོན་ཤིང་གི་ལོ་འདབ་འབུས་སྒང་ཡིན་ལ། དཔྱིད་དཔལ་སོ་མ་བསླེབས་ཙམ་ཡིན།

    ད་ནི་ལྟ་ན་སྡུག་པའི་མེ་ཏོག་གི་སྤུ་ལོང་རབ་ཏུ་རྒྱས་ཤིང་། ང་ཡིས་ནི་སྐར་ཅོར་བརྒྱབ་སྟེ། ཕྱིར་ཤོག ང་ཡི་གཅེས་ཕྲུག བྱིས་པ་ཚོས་གང་འདོད་དུ་མེ་ཏོག་སྒྲུག་ཅིང་མེ་ཏོག་འདོར་བའི་རྩེ་དགའ་ལ་རོལ་སོང་། གལ་སྲིད་ཁྱོད་ཕྱིར་ལོག་སྟེ་མེ་ཏོག་ཆུང་ཆུང་ཞིག་བསྣམས་ནས་སོང་ཚེ་ཚོར་མཁན་ཞིག་ཡོད་མི་སྲིད་ཅེས་འབོད་པ་བྱས།

    རྟག་ཏུ་རོལ་རྩེད་ལ་གཡེང་མཁན་དེ་དག སྔར་བཞིན་རོལ་རྩེད་ལ་གཡེངས་ནའང་། ཚེ་སྲོག་དེ་ལྟར་དོན་མེད་དུ་ཟད་ཡོང་། ཁ་རོག་གེར་དེ་ཚོའི་ཉོག་བཤད་ལ་ཉན་རྗེས། ང་ཡིས་སྐད་ཅོར་བརྒྱབ་སྟེ། ཕྱིར་ཤོག ང་ཡི་གཅེས་ཕྲུག ཨ་མའི་ནང་སེམས་ཡོངས་རྫོགས་བརྩེ་སེམས་ཀྱིས་གཏམས་ཡོད། གལ་སྲིད་ཁྱོད་ཕྱིར་ལོག་སྟེ་ཨ་མའི་ས་ནས་འོ་ཞིག་ཕྲོགས་ཏེ་རྒྱང་དུ་ཆས་ཀྱང་འཁོན་སེམས་འཆང་མཁན་ཞིག་ཡོད་མི་སྲིད་ཅེས་འབོད་པ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག