མདུན་ཤོག- རིག་གནས་འཚོ་བ།- སྒྱུར་རྩོམ།- སྙན་རྩོམ།

ཟླ་བ་ཉ་གང་གི་ལེའུ།ཐོག་མའི་ཀུན་དའི་མེ་ཏོག

རྩོམ་པ་པོ། ཐེ་ཀོར་གྱིས་བརྩམས།རྒྱ་གར། རྭ་ཅོ་ནག་པོས་བསྒྱུར།མཚོ་ལྷོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-02-18 10:34

    ཐོག་མའི་ཀུན་དའི་མེ་ཏོག

    ཨེ་མ། ཀུན་དའི་མེ་ཏོག རབ་དཀར་གྱི་ཀུན་དའི་མེ་ཏོག་ཨང་།

    ལག་ཟུང་གིས་ཐོག་མར་ཀུན་དའི་མེ་ཏོག་བསྣམས་པའི། རབ་དཀར་གྱི་ཀུན་དའི་མེ་ཏོག་བསྣམས་པའི་དུས་སྐབས་དེ་དྲན་ཡོང་།

    རང་ཉིད་དགའ་སའི་ཉི་འོད་དེ། སྔོ་བསངས་ཀྱི་ནམ་མཁའ་དེ། ད་དུང་ལྗང་མདོག་གི་ལྭ་བ་བཀླུབས་པའི་ས་ཆེན་དེ།

    གཙང་བོ་ལྷང་ལྷུང་འབབ་པའི་བཞུར་སྒྲ་དེ་མུན་པ་ཟབ་ས་ནས་མཆེད་ཡོང་།

    སྟོན་གཞུང་གི་ཉི་ནུབ། མྱ་ངམ་ཐང་ཆེན་གྱི་ཡང་སྟེང་ནས་འཕྲོས་ཤིང་། ལམ་ཆེན་གྱི་དཀྱོགས་མཚམས་ཤིག་ཏུ་ང་རང་བསུས་ཡོང་ལ། དེ་ནི་བག་མ་ཞིག་གིས་ངོ་གདོང་དུ་བཀབ་པའི་སེང་རས་ཕྱེ་ནས་རང་ཉིད་ཀྱི་ཟླ་བོ་བསུ་བ་དང་མཚུངས།

    དེ་ལྟ་ནའང་། ང་ཡི་སེམས་ངོགས་སུ་བྱིས་དུས་སུ་ཐོག་མར་བསྣམས་པའི་རབ་དཀར་གྱི་ཀུན་དའི་མེ་ཏོག་དག་འཁོར་ཡོང་ལ། ནང་སེམས་ཡོངས་རྫོགས་ཕྱིར་དྲན་གྱི་མངར་ཁ་ནས་བཟི་སོང་།

    སྤྲོ་སྣང་གི་ཉིན་མོ་མང་པོ་ཞིག་ང་ཡི་ཚེ་སྲོག་གི་ཀློང་དུ་ཟིམ་ཡོང་། སྤྲོ་སྣང་མཁན་དང་ལྷན་དུ་ཧབ་ཆ་རིང་མོ་རེ་ཐོལ་ཐོལ་དུ་འཕུར་སོང་།

    ཆར་བ་ཟམ་ཟིམ་འབབ་པའི་རབ་རིབ་ཀྱི་ཞོགས་པ་དེར། ང་ཡིས་ནི་ཡིད་འོང་གི་སྙན་ངག་མང་པོ་ཞིག་ངག་ལ་གྱེར།

    ང་ཡི་མགུལ་དུ་དགའ་མས་བཟོས་པའི་མེ་ཏོག་གི་ཕྲེང་བ་དེ་རྒྱན་དུ་བཏགས།

    དེ་ལྟ་ནའང་། ང་ཡི་སེམས་ངོགས་སུ་བྱིས་དུས་སུ་ཐོག་མར་བསྣམས་པའི་རབ་དཀར་གྱི་ཀུན་དའི་མེ་ཏོག་དག་འཁོར་ཡོང་ལ། ནང་སེམས་ཡོངས་རྫོགས་ཕྱིར་དྲན་གྱི་མངར་ཁ་ནས་བཟི་སོང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག