དེང་རབས་བརྡ་འཕྲིན་སྤྱི་ཚོགས་འདི་ཉིད་དུས་ཚོད་སྐར་ཆ་རེ་རེར་འཕོ་འགྱུར་བླ་ལྷག་འབྱུང་བཞིན་ཡོད་ལ།འཕོ་འགྱུར་གྱི་གོམ་པ་དེ་དག་རེ་རེ་ནི་སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་དང་དགོས་མཁོ་རེ་རེ་རེད།སྤྱི་ཚོགས་ལ་ཤེས་ནུས་ཐད་ཀྱི་དགོས་མཁོ་གསར་བ་བྱུང་ཚེ།དགོས་མཁོ་དེས་སློབ་གྲྭ་ཆེན་མོ་བརྒྱ་ཕྲག་ལས་ལྷག་པའི་སྒོ་ནས་ཤེས་རིག་གོང་འཕེལ་དུ་གཏོང་བའི་ནུས་པ་ཡོད་དེ།དཔེར་ན།བཙན་པོ་སྲོང་བཙན་གྱི་སྐབས་སུ་བོད་ཐུན་མོང་གིས་སྤྱོད་པའི་ཡི་གེ་ཞིག་མེད་པས།ཐ་ན་རྒྱལ་ཕྲན་དག་གི་བར་ལ་ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བར་བོད་སྤྱི་ལ་ཁྱབ་པའི་ཡི་གེ་ཞིག་གི་དགོས་མཁོ་ཆེས་ཆེར་བྱུང་བ་ན།དུས་ཡུན་ཆེས་ཐུང་ངུའི་ནང་དུ་དེ་རིང་ང་ཚོས་བཀོལ་བཞིན་པའི་ཡི་གེ་འདི་གསར་བཏོད་བྱས་པ་དང་མཉམ་དུ་བོད་ཀྱི་ཤེས་རིག་གོང་འཕེལ་དུ་འགྲོ་བའི་གོམ་པ་དང་པོ་སྤོས་པ་ལྟ་བུ་རེད།

    སྐབས་དེའི་བོད་སྤྱི་ཚོགས་ལ་ཡི་གེ་དང་།ཤེས་ནུས་ཐད་ཀྱི་རེ་བ་ཐུན་མོང་མ་ཡིན་པ་དེ་ལྟ་བུ་ཡོད་པས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་བཙན་པོ་སྲོང་བཙན་གྱིས་དེའི་ཐད་ལ་ཐུགས་བཀོད་གནང་བ་དང་།ཐོན་མིས་སྲོག་དང་བསྡོས་ཏེ་ཐུགས་བཀོད་དེ་མངོན་གྱུར་བྱས་པ་དང་བསྟུན་ནས་བོད་ཀྱི་ཤེས་རིག་དར་བའི་དཔྱིད་དཔལ་གསར་བ་ཞིག་རྒྱས་པ་ལྟ་བུས་ཀྱང་མཚོན་ཐུབ།

    གལ་ཏེ་སྐབས་དེའི་བོད་སྤྱི་ཚོགས་ཀྱིས་སྐབས་དེའི་སྨྲ་ཤེས་ཤིང་དོན་གོ་བའི་བོད་མི་རྣམས་ལ་བཏོན་པའི་རེ་བའམ་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་ལ་གཙིགས་ཆེན་བྱས་མེད་ཚེ།དེ་རིང་གི་བོད་ཀྱི་ཡི་གེ་འདི་དང་བོད་ཀྱི་ཤེས་རིག་འདི་འབྱུང་དཀའ་རྒྱུ་རེད་ལ།མ་མཐའ་ཡང་ཡི་གེ་དང་ཤེས་རིག་གི་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས་ངེས་ཡིན་པ་དང་ཐོན་མིས་ང་རྒྱལ་གྱི་གླུ་དེའང་ལེན་ཐུབ་རྒྱུ་མ་རེད། དེ་བས།དུས་རབས་ནམ་ཞིག་དང་སྤྱི་ཚོགས་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་ཀྱིས་མིར་བཏོན་པའི་རེ་བ་དང་།སྤྱི་ཚོགས་ཀྱིས་སློབ་གསོར་བཏོན་པའི་རེ་བ།ནང་སྒོས་སུ་སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་གང་ཞིག་ཡིན་པ་གསལ་བོ་ཤེས་དགོས།རེ་བ་དེ་མཐར་གཏུགས་ནས་བཤད་ན་སྤྱི་ཚོགས་ཀྱི་དགོས་མཁོ་ལྡོག་ཐབས་མེད་པ་ཞིག་ཡིན་པས།མི་རིགས་གང་ཞིག་དང་མི་སུ་ཞིག་ཡིན་ཡང་རང་ཉིད་སྤྱི་ཚོགས་ཀྱི་དགོས་མཁོ་དེ་དང་འཚམ་མིན་གྱིས་མི་རིགས་ཤིག་དང་།མི་ཞིག་གི་ལས་དབང་དང་མདུན་ལམ།འཚོ་གནས་སོགས་ཐག་གཅོད་བྱེད་བཞིན་ཡོད་ནའང་སློབ་གསོ་བ་དང་དགེ་རྒན་ཕལ་ཆེ་བས་ད་དུང་དེང་རབས་སྤྱི་ཚོགས་ཀྱིས་མིར་བཏོན་པའི་ཤེས་ནུས་ཀྱི་རེ་བ་ཅི་ལྟ་བུ་ཞིག་ཡིན་པ་རྨི་ལམ་ཙམ་དུ་ཡང་རྨི་དཀའ་བའི་ཚོད་ཙམ་རེད།འདིའི་ཐད་ནས་བཤད་ན།སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་ཅི་ཞིག་ཡིན་པ་རྨི་ལམ་དུ་ཡང་རྨི་དཀའ་བའི་དགེ་རྒན་ཞིག་གི་ཤེས་ནུས་དེ་སྤྱི་ཚོགས་ཀྱི་རེ་ད་དང་འཚམ་རྒྱུ་རེད་དམ་མ་རེད།གལ་ཏེ་དགེ་རྒན་རང་གི་ཤེས་ནུས་སྤྱི་ཚོགས་དང་མ་འཚམ་ན།དགེ་རྒན་དེས་སྐྱེད་སྲིང་བྱས་པའི་སློབ་མའི་ཤེས་ནུས་སྤྱི་ཚོགས་དང་དེ་བས་ཀྱང་འཚམ་རྒྱུ་ཨེ་རེད།མི་འཚམ་པ+མི་འཚམ་པ=མི་འཚམ་པ་ཉིས་བརྩེགས་ཐོབ་ངེས་ཡིན་པས།མི་འཚམ་པ་ཉིས་བརྩེགས་ཅན་གྱི་སློབ་གསོ་དེ་ཕམ་ཁའི་སློབ་གསོ་ཞིག་རེད་དམ།རྒྱལ་ཁའི་སློབ་གསོ་ཞིག་རེད།ཕམ་ཁའི་སློབ་གསོ་མྱོང་བའི་སློབ་མ་དེ་སང་ཉིན་གྱི་སྤྱི་ཚོགས་སྟེང་ནས་མགོ་འཕང་བསྟད་ནས་འགྲོ་ཐུབ་རྒྱུ་རེད་དམ།མགོ་འཕང་སྨད་ནས་འགྲོ་རྒྱུ་རེད།ཐ་ན་མགོ་བོ་སྒུར་ནས་འདུག་རྒྱུ་རེད།སྤྱི་ཚོགས་ནི་སྣ་མང་རྙོག་འཛིང་ཅན་ཞིག་རེད་ལ།སྣ་མང་རྙོག་འཛིང་ཅན་གྱི་སྤྱི་ཚོགས་དེའི་འཇོན་ནུས་དགོས་མཁོ་ཡང་སྣ་ཚོགས་པ་ཞིག་རེད།དགོས་མཁོ་འདིའི་རེ་བ་ལྟར་མིའི་ཤེས་ནུས་མ་ལག་དང་འཇོན་ཐང་གི་མ་ལག་སྡེབ་སྒྲིག་བྱས་ཚེ།མི་རེ་རེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་།འཇོན་ཐང་ཅན་དུ་འགྱུར་སྲིད་ལ།ཤེས་ནུས་མ་ལག་དང་འཇོན་ཐང་མ་ལག་དེ་དག་སྐྱེས་སྲིང་དང་།སྡེབ་སྒྲིག་སྔོག་འདོན་གྱི་བྱ་གཞག་རེ་རེ་ནི་སློབ་གསོའི་གོ་རིམ་རེ་རེ་དང་།བྱེད་སྟངས་རེ་རེ་ནི་སློབ་གསོའི་བྱེད་ཐབས་མི་འདྲ་བ་རེ་རེ་ཡིན་པས།གལ་ཏེ་སློབ་གསོའི་བྱེད་ཐབས་འོས་ཤིང་འཚམ་ན་བྱིས་པ་རེ་རེ་ནི་སྤྱི་ཚོགས་ཀྱི་དགོས་མཁོའི་ཟུར་དེ་དག་ལ་འོས་ཤིང་འཚམ་པའི་འཇོན་མིའི་མྱུ་གུ་རེ་རེ་ཡིན་པ་ཐག་ཆོད་རེད། སྤྱིར་སློབ་གསོ་ནི་བརྩེ་སེམས་ཀྱི་བྱ་འགུལ་ཞིག་དང་འཛུམ་མདངས་ཀྱི་སྒྱུ་རྩལ་ཞིག་ཡིན་པས།དགེ་རྒན་གྱི་བརྩེ་སེམས་ཀྱིས་སློབ་མའི་ཤེས་ནུས་ཀྱི་བརྩེ་སམེས་དང་སྤོབས་པ་ཡར་སྐུལ་བྱེད་ཐུབ་ལ།དགེ་རྒན་གྱི་འཛུམ་མདངས་དེས་སློབ་མའི་ཤེས་བྱའི་འཛམ་མདངས་དང་།མི་ཚེའི་འཛུམ་མདངས་གསར་སྐྲུན་བྱེད་ཐུབ།དེ་བས།སློབ་མ་རེ་རེའི་འཇོན་ནུས་སྤྱི་ཚོགས་དང་འཚམ་མིན་ནི་སློབ་མའི་བློ་རིག་གིས་ཐག་གཅོད་བྱེད་མི་ཐུབ་ལ།སློབ་གསོ་བྱེད་ཐབས་བཟང་ངན་གྱིས་མིའི་འཇོན་ནུས་དང་རྒྱལ་ཕམ་ཐག་གཅོད་བྱེད་བཞིན་ཡོད།

    2012ལོའི་ཟླ 09ཚེས 03ཉིན། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

རྩོམ་སྒྲིག་པ། 仁增才让
རྩོམ་སྒྲིག་འགན་འཁུར་བ། 仁增才让


འབྲེལ་ཡོད་རྩོམ་ཡིག