མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ཁྱི་མོ་དམར་བོ་ཞིག་གི་སེམས་ཁྲལ།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-22 11:29

ངའི་སྒོ་མདུན་ན
ཁྱིམ་ཆུང་ཆུང་ཞིག་ཡོད
ཁྱིམ་དེའི་བདག་པོ་ཁྱི་མོ་དམར་བོ་ཞིག་ཡིན་འདུག
ཉི་མ་རི་རྩེ་ལ་འགོས་ན
ཁྱི་མོ་དམར་བོས་རྔ་མ་གཡུག་གཡུག་གིས་ང་ཚོར་སློང་མོ་བྱས་འོངས

ཁྱི་མོ་དམར་བོའི་ཟུག་སྐད་དེ་ལས

ངས་ཁོ་མོའི་གང་ཞིག་ན་ལུས་ཡོད་པའི་སེམས་ཁྲལ་དེ་མཐོང་བྱུང

ཁོ་མོའི་སེམས་ཁྲལ་དེ་ནི
གནམ་རྡིབ་པའི་སེམས་ཁྲལ་དེ་མིན་འདུག
ས་གས་པའི་སེམས་ཁྲལ་དེ་ཡང་མིན་འདུག

མི་ཆ་མེད་ཅིག་འོངས་ན
ཁོ་མོའི་ཟུག་སྐད་དེ་ཡང་བསྐྱར་ཐོས་ཐུབ
ཟུག་སྐད་དེའི་པང་ན་སྙིང་དུ་སྡུག་པའི་ཁྱི་ཕྲུག་དྲུག་ཉལ་འདུག
སེམས་ཁྲལ་དེའི་ཁུགས་ན་ཨ་མར་སྒུག་པའི་ཁྱི་ཕྲུག་དྲུག་ཡོད་འདུག

དེ་རིང་ངས་ཡང་བསྐྱར་ཁོ་མོའི་ཟུག་སྐད་གོ་དུས
ཚོད་ཚོད་ལ
རྒྱང་རིང་ན་རང་ཁྱིམ་སྲུང་ཡོད་པའི་ཨ་མ་དྲན་བྱུང
ཡུལ་ཚོ་ན་ལྷ་འབྲི་བཞིན་པའི་ཨ་ཕ་དྲན་བྱུང
དགོན་པ་ན་འཛིན་གྲྭ་འཕར་བར་གྲ་སྒྲིག་ཡོད་པའི་ནུ་བོ་དྲན་བྱུང
སློབ་གྲྭ་ན་སློབ་གཉེར་བྱེད་བཞིན་པའི་ནུ་མོ་པྲ་ཚག་ཀྱང་དྲན་བྱུང

འཕྲོ་རིམ་འཕྲོ
ཚོད་ཚོད་ལ་ས་མཐའ་ན་ཡོད་པའི་རང་ཉིད་ཀྱང་དྲན་ཞིང་
ཁ་པར་སྟེང་ཕ་ཡུལ་ཞེས་བྲིས་ཡོད་པའི་ཨང་གྲངས་ཤིག་མནན་སོང
ཁྱི་མོ་དམར་བོའི་ཟུག་སྐད་ལ་རྒྱུན་ཆད་མི་འདུག
ཡོད་ཚད་གཉིད་ཟིན་པའི་མཚན་ཕྱེད་ཅིག་ལའང་གྲག་བྱུང

༢༠༡༣ ༥ ༡༩

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག