མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

དྲི་བ་དམར་རྗེན་མ།

རྩོམ་པ་པོ། ཚེ་རིང་རྣམ་རྒྱལ།  ཡོང་ཁུངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།  2013-10-22 11:46

ཁྱོད་ནི་སུ་ཞིག་གིས་མངགས་པའི་བདེན་དྲང་ལྷུར་ལེན་གྱི་བཙན་པོའི་ཕོ་ཉ་ཡིན་ནམ།
ཁྱོད་ནི་གང་ཞིག་གི་ཆེད་དུ་ཞི་བདེ་རོལ་དབྱངས་སྒྲོགས་པའི་དུས་ཀྱི་གླུ་བ་ཡིན་ནམ།
ཁྱོད་ནི་རིས་མེད་བརྩེ་སེམས་ཀྱི་བརྩེ་བ་རིང་དུ་སྐྱོང་བའི་མི་ཡུལ་གྱི་མགྲོན་པོ་མིན་ནམ།
ཁྱོད་ནི་སེམས་ཅན་བདེ་བར་འདོད་པའི་བྱང་ཆུང་སེམས་དཔའ་མིན་ནམ།
ཁྱོད་ནི་ལེགས་ཉེས་དབྱེ་བ་དགར་བའི་ཁ་བའི་མཛངས་མི་མིན་ནམ།
དེ་ལྟ་ན་ཁྱོད་ཀྱིས་རྗེས་ལུས་ཀྱི་ཞྭ་ནག་གོན་ནས་སྟོང་བསམ་གྱི་ཀུ་ཅོ་སྒྲོགས་དོན་ཅི་ཡིན་ནམ།
མཐུན་སྒྲིལ་གྱི་ཨ་ལོང་གཏོར་ནས་འཁྲུག་ཟིང་གི་གཡུལ་ས་ལས་དོན་ཅིའི་ཕྱིར་རམ།
འཕེལ་རྒྱས་ཀྱི་ལམ་བུ་བཀག་ནས་རྫུ་བག་གི་ཆོ་གར་འཁྲབ་དོན་ཅིའི་ཆེད་དམ།
འདི་དག་ནི་བོད་པ་རྣམ་དག་ཅིག་གི་རང་གཤིས་མིན་ལ་མི་བུ་ཚད་ལྡན་ཞིག་གི་ཁྱད་ཆོས་ག་ལ་ཡིན།
འདི་དག་ནི་མགོ་ནག་མི་ཡི་བསམ་ཚུལ་མིན་ལ་ཉམ་ཆུང་ཟོག་གི་བརྟུལ་ཞུགས་ཀྱང་ཡིན་མི་སྲིད།
སུ་ཡིན་རུང་དྲང་བདེན་གྱི་གནས་ལུགས་ལས་ལྷག་པའི་བཀུར་སྟི་ཞིག་ཡོད་མི་སྲིད་ལ་འགྲིག་མཐུན་གྱི་མཛའ་བརྩེ་ལས་ཆེ་བའི་ལེགས་སྐྱེས་ཤིག་ཡོད་མི་དཔེ།
ཁྱོད་མི་ཡིན་ན། ཁྱོད་བོད་ཡིན་ན། ཁྱོད་ཨ་མའི་བུ་ཡིན་ན། ཁྱོས་ལས་འབྲས་བརྩི་ན། ཁྱོས་རྒྱལ་བསྟན་ཁས་ལེན་ན།
རང་མ་བསམ། གཞན་མ་དམོད།
ཀུན་དང་མཐུན་དགོས་ལ་ཡོངས་དང་བསྟུན་དགོས་སྟབས་ཕྲག་དོག་གི་མིག་ཟུང་བཙུམ་དགོས་ལ་ང་རྒྱལ་གྱི་མགོ་འཕང་དམའ་དགོས།
མི་ཡུལ་ནི་ད་གཟོད་གཞན་ཕན་ལྷག་བསམ་གྱི་ཐང་མ་བརྡལ་ས་ཡིན་ལ།
འཛམ་གླིང་ནི་རང་གི་ནུས་པ་གཞན་ལ་མངོན་སའི་སྟེགས་བུ་ཡིན།
མི་ལ་དགོས་པ་ཡོན་ཏན་ཡིན་ལ་ཡོན་ཏན་སྦྱངས་དོན་གཞན་དོན་ཡིན་པ་སྨོས་ཅི་དགོས།

ཁྱིམ་བཟའ་ཚང་སྡོང་མགོའི་བྱེའུ་ཚང་སྟེ་བྱ་སྔོན་ལ་སུ་འཕུར་སུ་ཡིས་རྟོགས།
ནང་ན་ཟླ་མཚོ་ཁའི་མེ་ཏོག་སྟེ་མདོག་སྔོན་ལ་སུ་ཡལ་སུ་ཡིས་ཤེས།
མ་སེམས་ཅན་ཚོང་འདུས་མགྲོན་པོ་སྟེ་མགྲོན་སྔོན་ལ་སུ་ཐོན་སུ་ཡིས་ཚོར།
མི་རང་རང་རླུང་ཁའི་མར་མེ་སྟེ་རླུང་བསེར་བུ་ནམ་གཡུགས་ཆ་མེད་པས།
ང་ཚོས་རང་སེམས་སྐྱིད་པའི་ནངས་མོ་མི་ཡུལ་ནས་ཟས་རིན་ཅི་ཞིག་རྙེད་བྱུང་།
རང་ལུས་བདེ་བའི་དུས་སུ་ཤེས་རིག་གི་དངོས་གྲུབ་གང་ཞིག་ཐོབ་སོང་།
རང་ནུས་ལྡན་པའི་སྐབས་སུ་སེམས་ཅན་ལ་དགེ་མཚན་ག་འདྲ་སྐྲུན་སོང་།
ཉལ་ཉལ་ནས་བསྡད་ན་ནད་དང་ཟས་ཟས་ནས་རྒས་ན་ཕག་མིན་ནམ།
མི་ཡི་ལུས་ལ་ཟོག་གི་ཉམས་རྫོགས་པ་བཅོས་དགོས་ལ་མི་རིགས་བཟང་བོར་ཇག་པའི་རྩལ་ལྡན་པ་བསྒྱུར་དགོས།
མི་རིགས་འདིའི་བདེ་སྡུག་བསམ་ན། ཕ་ཡུལ་གྱི་འཕེལ་འགྲིབ་སྙམ་ན། རྒྱལ་ཁབ་འདིའི་དར་རྒུད་དཔྱད་ན།
ཤེས་རིག་གི་ལྡེ་མིག་མེད་ན་འཇོན་ཐང་གི་སྒོ་མོ་འབྱེད་མི་ནུས་ལ་ཚན་རིག་གི་བློ་ཐབས་མེད་ན་གསར་གཏོད་ཀྱི་ལང་ཚོ་གང་ནས་རྒྱས།
གཞན་དོན་སྒྲུབ་ན་རང་དོན་འགྲུབ་ལ་སེམས་ཅན་སྐྱིད་ན་འཛམ་གླིང་མཐུན་པའི་ཁས་ལེན་འདི་སྔོན་ལ་སོང་ནས་ཁ་བ་དཀར་བོའི་སེམས་འདུན་མངོན་འགྱུར་བྱེད་དགོས་ལ་ཁྲ་ཡག་རྫ་ཡི་རྫིག་ཉམས་རྒྱུན་འཁྱོངས་ཀྱང་བྱེད་དགོས།
ལམ་ཐག་རིང་ཡང་མདུན་དུ་བསྐྱོད་དགོས་ལ།
དཀའ་སྡུག་ཆེ་ཡང་འབད་པ་བྱེད་དགོས།
ཁྱོད་ནི་མི་རིགས་འདིའི་ནོར་འཆུག་བྲལ་བའི་སྔོན་འགྲོ་བའམ་མི་རབས་འདིའི་ཕྱོགས་རིས་དབེན་པའི་ཕྱོགས་སྟོན་པ་ཡིན་པ་སྨོས་ཅི་དགོས།
བུ་རྒོད་པོ་ཡིན་ན། བློ་རིག་པ་ཡོད་ན། ཁྲེལ་ངོ་ཚ་ཤེས་ན། ཚེ་འདི་ཕྱི་བསམ་ན། ནང་གཞུང་ལུགས་སྦྱངས་ན། མ་སེམས་ཅན་བསམ་ན། མི་བཟང་བོ་བྱེད་ན།
ཞེ་སྡང་གི་ཁུ་ཚུར་གློད་དགོས་ལ་ཨུ་ཚུགས་ཀྱི་གཤིས་ཀ་བསྒྱུར་དགོས་པ་མ་ཡིན་ནམ།
ཁྱོད་མེད་ན་དུས་རབས་འདིའི་བདག་པོ་སུ་ཞིག་བྱེད།
ཁྱོད་འཁྲུལ་ན་དྲིན་ཆེན་མའི་རེ་འདུན་སུ་ཡིས་སྒྲུབ།
ཁྱོད་ཕམ་ཚེ་ཁ་བ་རི་བོའི་རྨི་ལམ་སུ་ཡིས་མངོན།
འདི་དག་ནི་ཁྱོའི་འོས་འགན་ཡིན་ལ་ངའི་སྨོན་འདུན་ཡིན་པ་གོར་མ་ཆག
འདི་དག་ནི་ངའི་བསམ་ཚུལ་ཡིན་ལ་ཁྱོའི་ལས་འབྲས་ཡིན་པ་གདོན་མི་ཟ།

གཞན་སྡུག་ལ་སྦྱར་ནས་རང་སྐྱིད་པོ་འདོད་པ་གླེན་པ་ཡིན་ལ་གཞན་ཕངས་སུ་བཅུག་ནས་རང་རྒྱལ་བར་སྙེགས་པ་བྱོལ་སོང་ཡིན།
ལྗང་མདོག་གི་ཡུལ་གྲུ་འདི་ང་ཚོའི་བདེ་སྐྱིད་ཀྱི་གཞིས་ཁྱིམ་ཡིན་པས་ས་རྐོ་རྡོ་སློག་གི་ཧམ་སེམས་སུ་ཡིས་བསླབས།
དྭངས་གཙང་གི་ཆུ་མོ་འདི་ང་ཚོའི་ཚེ་སྲོག་གི་ཟུངས་ཁྲག་ཡིན་པས་མི་གཙང་བཙོག་བསྒྱུར་གྱི་ངན་སེམས་སུ་ཡིས་བསྟན།
ཉམ་ཆུང་གི་རི་དྭགས་འདི་ང་ཚོའི་ཞི་དུལ་གྱི་གྲོགས་པོ་ཡིན་པས་ལྷག་མེད་ཚར་གཅོད་ཀྱི་སྡིག་ལས་གང་ནས་གོམས།
རང་ལ་ཆ་བཞག་ན་བརྗོད་མི་ཚར་བའི་ན་ཟུག་ཅིག་འབྱུང་མི་འོངས་སམ།
གཞན་ལ་དཔེར་བླངས་ན་བསྲན་མི་ཚུགས་པའི་འགྱོད་པ་དྲག་པོ་ཞིག་སྐྱེས་མི་སྲིད་དམ།
ངས་ཅི་ཡང་མི་ཤེས་རུང་ཁྱོས་གང་ཡང་མ་ཤེས་ན་མི་རིགས་འདི་ཀླ་ཀློ་ཡིན་པའི་རྟགས་མཚན་ཡིན་ལ།
ཁྱོས་བློ་ལ་མ་འཁོར་རུང་ངའི་ཡིད་ལ་མ་དྲན་ན་མི་རབས་འདི་སྨྱོན་པ་ཡིན་པའི་སྡོམ་ཚིག་ཅིག་མི་འགོད་དམ།
འཛམ་གླིང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དུས་རབས་འཕོ་འགྱུར་ལ་འཐིམས་བཞིན་ཡོད་པས་གནའ་བོའི་སྲོལ་རྒྱུན་རྙིང་བའི་ལམ་ལུགས་བཅོས་བསྒྱུར་བྱེད་དགོས་ལ་གདོད་མའི་བསམ་ཚུལ་སྡུག་པོའི་དམིགས་འབེན་རྨང་ནས་འདོར་དགོས།
ཁ་ཁུ་སིམ་མེར་། སོས་དལ་བག་ཕབ། གཅིག་བཟུང་གཉིས་ཤོར། དཀར་ནག་གོ་ལྡོག།
ངལ་བ་འབྲས་མེད་ཀྱི་ལས་འདིས་ང་ཚོ་ལ་གང་ཞིག་བསྩལ་བྱུང་ངམ།
ང་ཚོ་ལ་སྙིང་རྗེ་མི་དགོས་དྲང་བདེན་དགོས།
ང་ཚོ་ལ་མཚན་སྙན་མི་དགོས་དོན་དངོས་དགོས།
ང་ཚོ་ལ་བསླུ་བྲིད་མི་མཁོ་འཆམ་མཐུན་དགོས།
ང་ཚོ་ལ་ཧམ་སེམས་མི་འོས་ཆོག་ཤེས་མཛའ་།
སད་རྟོགས་འབྱུང་འདོད་ན། མཁས་པར་གྱུར་འདོད་ན། གཞན་ཕན་སྒྲུབ་བསམ་ན། བླ་མའི་གསུངས་བཀུར་ན། ཕ་མའི་དྲིན་དྲན་ན། གྲོགས་པོར་འདང་ཡོད་ན། ཁོག་ཏུ་སྙིང་ཡོད་ན།ཟུངས་སུ་ཁྲག་ཡོད་ན།
གཞན་སྲོག་བཅད་ནས་རང་ཁ་གསོ་བའི་ཡ་མ་བརླའི་སྤྱོད་སྟངས་བསྒྱུར་དགོས་ལ།
གཞན་སྐལ་འཕྲོག་ནས་རང་ལྟོགས་སེལ་བའི་མདོ་མེད་པའི་ངང་ཚུལ་དོར་ན་ལེགས།
བཟང་རུང་ངན་རུང་མི་ཞིག་ཡིན་ན་བསམ་ཞིག་ཤེས་དགོས་པའི་ཆོས་ཉིད་འདི་ལ་བརྟེན་ནས་འགྲོ་བ་ཀུན་ལ་བྱམས་པའི་ལག་བསྲིངས་དགོས་ལ་སེམས་ཅན་ཡོངས་ལ་སྐྱིད་པའི་ཉམས་ཤིག་འདོན་དགོས་ལགས།

ནམ་ལངས་དུས་མིག་གིས་འཚོ་ས་དང་ས་རུབ་ན་སེམས་ཀྱི་འཁྲི་ཤིང་དུ་གྱུར་བའི་ཁྱོད།
སྙིགས་ཟས་ཀྱི་ཀློང་ནས་མཐར་དགོས་ལ་ཟིང་འཁྲུག་གི་ཆ་ནས་ལོག་དགོས།
གནོད་སེམས་ཀྱི་དྲན་ཕྱོགས་བསྒྱུར་དགོས་ལ་གཡོ་ཟོལ་གྱི་དྲི་མ་འདོར་དགོས།
ཁ་བ་དཀར་བོ་ལྟ་བུའི་སེམས་ཤིག་ཁྱོད་ལ་ཡོད་དགོས་ཤིང་ཁ་བཏགས་དཀར་བོ་འདྲ་བའི་གཤིས་ཀ་ཁྱོད་ལ་ལྡན་དགོས།
སྐྱིད་ན་མཉམ་དུ་སྐྱིད་ལ་རོལ། སྐྱིད་ཀྱི་རྟ་ཕ་མཉམ་ཞོན་བྱེད། སྡུག་ན་ལྷན་དུ་སྡུག་དུ་འགྲོ། སྡུག་གི་ཁུར་བོ་མཉམ་ཁུར་བྱེད། འགྲོ་ན་ཚང་མ་སྔོན་ལ་འགྲོ། ཚན་རྩལ་རིག་པའི་ཞིང་ལ་འགྲོ།
འདུག་ན་ཐམས་ཅད་ཡུལ་དུ་འདུག ཕ་ས་ཕྱུག་མོའི་དགེ་མཚན་ལོངས་སུ་སྤྱོད།
གནས་འདི་ན་མི་ཤི་རྟ་འགྱེལ་གྱི་ཡོ་ལང་རྫོགས་མི་ཆོག་ལ་ཡུལ་གྱོད་སྣ་ཁ་མཆུ་ཡི་ང་རོ་སྒྲོགས་མི་ཆོག །
ཡུལ་འདི་ནས་ང་གསོན་ཁྱོད་ཤི་ཡི་གཡུལ་ས་ལས་མི་ཆོག་ལ་དཀར་ནག་གོ་ལྡོག་གི་ལམ་ལུགས་བསྐྱངས་མི་ཆོག གནས་འདི་ནི་བོད་པའི་ཞིང་ཁམས་ཡིན་པས་མི་སྐྱེས་སྐྱེས་ཐམས་ཅད་མཁས་པ་ཡིན།
ཡུལ་འདི་ནི་འཕགས་པའི་གདུལ་ཞིང་ཡིན་ཕྱིར་མ་སེམས་ཅན་བདེ་ལ་འགོད་ས་ཡིན།
མི་ལུས་བླངས་པར་དོན་དགོས་ལ་བོད་པར་སྐྱེས་པ་མཁས་དགོས་སྟབས་སྟོད་རྫ་རི་འདྲ་བའི་སྤོབས་པ་དགོས་ལ་ཆུ་གཙང་མོ་ལྟ་བུའི་སེམས་རྒྱུད་དགོས་པས་གཞན་གྱི་སྐྱིད་སྡུག་ཤེས་དགོས་ལ་རང་གི་ཕུགས་འདུན་གཉེར་དགོས།
ཕན་མི་ཐོགས་རུང་གནོད་མི་སྐྱེལ་བའི་སྡོམ་ཚིག་འདིའི་དབང་གིས་ང་ཚོས་རྣམ་དག་སེམས་ཀྱི་མཆོད་པ་མི་ཡུལ་ལ་འབུལ་བཞིན་རླབས་ཆེན་དོན་གྱི་ལས་ལ་འབད་པ་རེ་བྱེད་དགོས།
ང་ཚོས་མ་བཅོས་བདེན་པའི་ལུང་རིགས་འཛམ་གླིང་དུ་སྒྲོགས་བཞིན་མཐིང་སྨུག་སྦྲ་ཡི་གཏམ་རྒྱུད་ལ་ཞིབ་དུ་ཉན་དགོས།
རྒྱལ་ཁའི་དར་ཆ་བསྒྲེངས་བར་འདོད་ན། ཕམ་ཁའི་ངལ་དུབ་སེལ་བར་འདོད་ན། སྐྱིད་པའི་ཉི་མ་མཐོང་བར་འདོད་ན། སྡུག་གི་མུན་པ་སངས་བར་འདོད་ན། རང་གི་ཡོན་ཏན་མངོན་པར་འདོད་ན།གཞན་གྱི་དགེ་མཚན་མཐོང་བར་འདོད་ན།
གོམས་དགོས་པ་བྱམས་དང་སྙིང་རྗེ་ཡིན་ལ་ཤེས་དགོས་པ་རིག་པའི་གཞུང་ལུགས་ཡིན།
འགྲུབ་དགོས་པ་མེས་པོའི་བྱས་རྗེས་ཡིན་ལ་ཐོབ་དགོས་པ་བདེན་པའི་དཔའ་དར་ཡིན་པ་ཡིད་ལ་ཟུངས །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག