མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

གླང་ཆེན་ས་སློག—ཁ་པར་ལ་ཕུལ་བ།

རྩོམ་པ་པོ། ཀླུ་ཚང་བྱམས་པ་ཚེ་རིང་།    2013-10-22 14:01

གང་གི་ཞབས་ཟུང་དཔལ་གྱི་པདྨ་འདྲས།།
འཛམ་གླིང་གོ་ལའི་མུ་འཁྱུད་མཐར་བཟླུམས་ཤིང་།།
ཟླ་བྲལ་མཛད་འཕྲིན་སྲིད་འདིར་རྙེད་མིན་པའི།།
མི་འཇིགས་“ཕོ་ཉ”གང་དེར་མགོས་ཕྱག་བགྱི།།
ད་ལྟ་ཀ་རྩོམ་ལུགས་ལྡན་ལུགས་ལྡོག་དང་།།
སྒྲ་རྒྱན་ཟུང་ལྡན་མཐའ་ཐོག་སྦྱར་བའི་ལུགས།།
ཡང་ན་གྲོང་ཚིག་ཁོ་ནའི་ཐབས་རྩལ་གྱིས།།
ཉིད་ལ་བསྟོད་སྨད་འཆད་མཁན་མང་གདའ་སྟེ།།
རེ་འགའི་འོལ་ཚོད་ཚིག་ལ་སྙན་ཆས་སྟོངས།།
ལ་ལའི་ཨུ་ཚུགས་གཏམ་ལ་སྤུན་པས་དབུལ།།
འགའ་རེས་ལག་ཏུ་ཅི་ཐོན་བྲིས་ལོ་ཙམ།།
དེའོ་སྙམ་པའི་ཆོག་ཤེས་བདག་གིས་སྤངས།།
མངོན་བརྗོད་བརྡ་རྙིང་ཆེས་ཆེར་མ་སྤུད་ཅིང་།།
མགོ་རྨོངས་གབ་ཚིག་གཟེབ་ཀྱིས་མ་དམ་སྟེ།།
དོན་མེད་ཟེར་སྒྲོས་རྗེས་སུ་མ་འབྲངས་པའི།།
ཀུན་གྱིས་གོ་བདེ་གཟུང་བདེ་དང་འདྲེན་ཞིག །
དང་པོ་ནེའུ་སྐྲ་སོག་འདབས་འཕྱང་བ་དང་།།
བར་དུ་བེའུ་ཆུང་འཚོ་བའི་སྣབས་ལུག་དང་།།
ཐ་མར་སློབ་གྲྭ་འགྲིམ་པའི་མི་བུ་ངས།།
དེ་རིང་འདི་ཙམ་སྤེལ་བའི་གདེང་སྤོབས་རྙེད།།
མཐོན་པོ་ཁྲི་ལ་འགྱིང་བའི་བླ་མ་དང་།།
དབུ་སྐྲ་ལྟག་པར་ཤད་པའི་དཔོན་པོ་དང་།།
ང་རྒྱལ་མགོ་འཕང་མཐོ་བའི་ན་ཟླ་ཚོས།།
ཐོས་འཛིན་དབང་བོ་ཏབ་ཅིག་འདི་ལ་བློགས།།
ཐོག་མར་ཕྱུག་པོ་ནོར་དབང་ལག་ནས་མཐོང་།།
བར་དུ་མེད་པོ་ཚེ་ལོའི་ལག་ཏུའང་རིག །
ག་ཤེད་ཅིག་ནས་ཐོན་པ་མི་གསལ་མོད།།
དེ་ཤེད་“ཁྱོད”ནི་བདག་གི“རྨི་ལམ”ཞིག །
ཁྱོད་ནི་བཟང་ཞེས་བསྟོད་པར་མི་བྱ་ཞིང་།།
ཁྱོད་ནི་ངན་ཞེས་སྨད་པར་མི་བྱ་ཡི།།
མཐོང་ཐོས་དྲན་རེག་ཚིག་གི་སྦྱོར་བ་ཡིས།།
ཁྱོད་ཀྱི“རྟོགས་བརྗོད”ཙམ་ཞིག་ང་ཡིས་བྱ།།
རྒྱུ་དང་འབྱོར་བས་ཕྱུག་པ་མ་ཡིན་ལ།།
ཐབས་དང་ཤེས་པས་རྙེད་པ་མ་ཡིན་ཏེ།།
གང་ལྟར་དུས་ཀྱི་སྒོ་འཕར་ཕྱེ་བའི་དུས།།
ང་དང་ཁྱོད་ཀྱི་ལས་འཕྲོ་མཉམ་དུ་བསྣོལ།།
གཅིག་སེམས་གཅིག་ལ་འཁྲེང་བའི་ཉིན་མཚན་དང་།།
གཅིག་ཞེ་གཅིག་ལ་ཆགས་པའི་ལོ་ཟླ་དང་།།
གཅིག་རྒྱབ་གཅིག་གིས་བརྟེན་པའི་དུས་རབས་འདིར།།
གཅིག་གྲོགས་གཅིག་གིས་བགྱིས་པ་བརྗེད་རེ་སྐན།།
མཁས་དབང་ཀུན་མཁྱེན་རྩོམ་ཡོན་བར་ན་འདུར།།
སྤྲུལ་སྐུ་བསྟན་འཛིན་བོད་མིའི་ཁྲོམ་ན་འདུར།།
མཇལ་བ་ཚོགས་གཉིས་བར་སྐོར་གླིང་ན་འདུར།།
དགེ་རྒན་དངོས་གྲུབ་ཟླ་ཕོགས་བར་ན་འདུར།།
ཨ་མཆོད་བསྟན་སྐྱོང་ཡོན་བདག་ཕུག་ན་འདུར།།
དཔོན་པོ་གྲགས་ལྡན་སྲིད་གཞུང་སྒོ་ན་འདུར།།
ཕྱུག་པོ་ནོར་དབང་རི་གསུམ་རྩེ་ན་འདུར།།
མེད་པོ་ཚེ་ལོ་ལུང་གསུམ་མདོ་ན་འདུར།།
ཨ་ཁུ་བརྩོན་འགྲུས་ལུག་ཁྱུའི་མཐའ་ན་འདུར།།
ཨ་ནེ་འཛོམས་སྐྱིད་ཐལ་སྤུངས་འདབས་ན་འདུར།།
ཨ་ཕ་དབང་ཆེན་འཕྲུལ་རྟའི་གོང་ན་འདུར།།
ཨ་མ་ཚེ་འཛིན་འོ་ཟོའི་གུད་ན་འདུར།།
སྟག་ཤར་སྟོབས་རྒྱས་ཟླ་འོད་ངོགས་ན་འདུར།།
སྨན་ཤར་དབྱངས་ཅན་གསང་བའི་བར་ན་འདུར།།
སློབ་གྲོགས་ཡོན་ཏན་གླེགས་བམ་ཁྲོད་ན་འདུར།།
ཡོད་ཚད་དྲ་བས་སྦྲེལ་འདྲ་ཁྱོད་ཀྱི་འཕྲུལ།།
ཡོད་ན་ཡོད་གོ་ལོས་ཆོད་དཔོན་པོ་ལ།།
ལྟག་སྒོ་འཛུལ་བའི་ཐབས་ལམ་ཁྱོད་ཀྱིས་བསྙད།།
མེད་ན་ཅི་ཆོག་སྤྲུལ་སྐུ་སྡོམ་ཤོར་ལ།།
ཡོན་བདག་རྣམས་ཀྱིས་འབུལ་བ་ཇི་ལྟར་སྦྲན།།
སྟོད་ཀྱི་འབྲོག་དགོན་ཁ་བས་མནན་ཚུལ་དང་།།
སྨད་ཀྱི་རོང་ཁོག་ཐན་པས་བསྐམས་ཚུལ་དང་།།
བར་གྱི་སྤང་ཐང་སེར་བས་བཅོམ་ཚུལ་དང་།།
ཆུ་རགས་འགོག་ཐབས་བྲལ་བའི་གནས་ཚུལ་དང་།།༼ བོད་ཡུལ་དུ༽
ཤར་གྱི་མཚོ་རླབས་དགུང་དུ་འཕྱུར་ཚུལ་དང་།།
ལྷོ་ཡི་འབྲས་ཞིང་ཆུ་ཡིས་བསྣུབས་ཚུལ་དང་།།
ནུབ་ཀྱི་བྱེ་རླུང་དྲག་ཏུ་འཚུབ་ཚུལ་དང་།།
བྱང་གི་རྩྭ་ཐང་ཙད་ཀྱིས་བསྒོགས་ཚུལ་དང་།།༼རང་རྒྱལ་དུ༽
ཤར་ནས་གནམ་གྲུ་ཐང་ལ་ལྷུང་ཚུལ་དང་།།
ལྷོ་ནས་རྒྱ་མཚོ་མཐོ་རུ་འཕེལ་ཚུལ་དང་།།
ནུབ་ཏུ་འཇིགས་པའི་འཁྲུག་སློང་བྱུང་ཚུལ་དང་།།
བྱང་དུ་འཁྱག་རོམ་ཞུ་བའི་གནས་ཚུལ་དང་།།༼འཛམ་གླིང་དུ༽
སྲིད་འབྱོར་རིག་གསུམ་སྤེལ་བའི་བཀའ་ལུང་གཙོས།།
སུ་ཡི་མཛད་པ་ཆེ་འདོན་བྱས་ཚུལ་དང་།།
ཕ་མ་མ་ཉེས་སྒོ་འདོན་བྱས་ཚུལ་སོགས།།
འཛམ་གླིང་ཆ་འཕྲིན་ཁྱོད་ཀྱིས་མི་ཤོང་གང་།།
དཔོན་པོས་ལྐོག་དངུལ་ཟོས་པ་ཁྱོད་ཀྱིས་རྟོགས།།
སྤྲུལ་སྐུས་གསང་ཡུམ་བཞེས་པ་ཁྱོད་ཀྱིས་ཚོར།།
གཞོན་ནུས་འཛོམས་འཆིང་ཞུས་པ་ཁྱོད་ཀྱིས་ཐོས།།
མདོར་ན་ཡོད་ཚད་ཡོད་ཚད་ཁྱོད་ཀྱིས་མཁྱེན།།
བླ་མར་བཀུར་སྟིའི་ཕྱག་གསུམ་ཁྱོས་མ་འཚལ།། 
དཔོན་པོར་སྲི་ཞུའི་འཛུམ་བག་ཁྱོས་མ་བསྟན།།
ཚོགས་བསགས་སྒྲིབ་སྦྱོང་ཁྱོད་ཀྱིས་ཡེ་མ་མཛད།།
ཐམས་ཅད་འཇུག་པའི་སྒོ་འདི་ག་རེ་རྙེད།།
ལྷ་ཡུལ་བགྲོད་པའི་ཐེམ་སྐས་ཁྱོས་མ་བཙུགས།།
ངན་འགྲོའི་སྲིད་སྐྱོབ་གདམས་པ་ཁྱོས་མ་བསྩལ།།
གོས་ཀྱིས་ཕྱིས་ལྟར་སྐྱོན་རྡུལ་ཁྱོད་མ་བསལ།།
འགྲོ་རྣམས་འཇུག་པའི་སྒོ་འདི་ག་ནས་རྙེད།།
མཆོག་གསུམ་དགེ་ལ་ཡར་མཆོད་ཁྱོས་མ་བགྱིད།།
བཀྲེན་པའི་མི་ལ་མར་སྦྱིན་ཁྱོས་མ་གནང་།།
སྡུག་བསྔལ་འདམ་འདྲོང་ཐབས་ཤེས་ཁྱོས་མ་བསྟན།།
ཡོད་ཚད་སྤྲོ་བས་འཇུག་པའི་སྒོ་འདི་མཚར།།
རི་ཁྲོད་དོང་པའི་རྣལ་འབྱོར་ཁྱོས་མ་ཀློད།།
ཆོས་སྒོར་ཞུགས་པའི་གྲྭ་བ་ཁྱོས་མ་བཏང་།།
སློབ་གྲྭར་འགྲིམ་པའི་སློབ་མ་ཁྱོས་མ་ལྷོད།།
འོན་ཀྱང་ཐམས་ཅད་ཁྱོད་ལ་མགུ་འདི་ཅི།།
ཏཱ་རེ་སྒྲོལ་མའི་འཛུམ་ཞལ་ཁྱོད་ཀྱིས་བསྒོམས།།
ཞྭ་ཐེད་ལྷམ་ཟད་སྤྲང་ལག་ཁྱོད་ཀྱིས་འཁྱུད།།
ར་རྫི་ལུག་རྫིའི་ཨམ་ཕྲག་ཁྱོད་ཀྱིས་སྤྲུགས།།
མདོར་ན་མི་སེམས་ཡོད་ཚད་ཁྱོད་ཀྱིས་བཀུགས།།
དཔོན་པོའི་སྒོ་གླེགས་འགྲིམ་པའི་གསང་ལམ་ཡིན།།
བླ་མའི་ནང་ཆེན་མཇལ་བའི་གསང་ལམ་ཡིན།།
མཛེས་མའི་རུམ་ཁོང་ཉུལ་བའི་གསང་ལམ་ཡིན།།
མདོར་ན་འཛམ་གླིང་བསྐོར་བའི་གསང་ལམ་ཡིན།།
བདེ་འགྲོར་སྐྱེ་འདོད་དགོངས་བཞེད་ཁྱོད་ལ་མེད།།
ངན་འགྲོར་ལྟུང་དོགས་ཐུགས་ཁུར་ཁྱོད་ལ་མེད།།
རི་ནག་འཚོག་འཕེན་ཆོ་འཕྲུལ་ཁྱོད་ལ་མེད།།
ཆུ་ཆེན་ཧུར་བརྒལ་རྩལ་ཤུགས་ཁྱོད་ལ་མེད།།
ཤ་ཟད་རུས་ལ་ཐུག་པའི་ཞེ་རུས་དང་།།
དུག་མཚོ་དགུང་དུ་སྐྱོམ་པའི་ཕྲག་དོག་དང་།།
ཨམ་གཙིགས་མགལ་བསྡམས་ཨུ་ཚུགས་མཐའ་སྐྱེལ་དང་།།
རྐོམ་ཚུགས་ལེ་ལོའི་གོམས་གཤིས་ཁྱོད་ལ་མེད།།
ཅི་ཡང་མི་མཐོང་ཁྲོན་པའི་ལག་འགྲོ་མིན།།
གང་ཡང་མི་ནུས་ཤིང་གི་རང་འཐག་མིན།།
འགྲོ་བའི་འདོད་སྐོང་དཔག་བསམ་འཁྲི་ཤིང་ཡིན།།
ཐམས་ཅད་གསལ་བྲ་སྨག་འཇོམས་ཉི་ཟླ་ཡིན།།
བཟང་ངན་གང་སྐྱེལ་ཐེག་ཚུགས་ཟམ་ཆེན་ཡིན།།
དགའ་སྡུག་གང་སྐྱེལ་སྐྱོ་སྤངས་གྲུ་གཟིངས་ཡིན།།
ལེགས་ཉེས་གང་ཡིན་ཁུར་ནུས་བཟོ་སྟེགས་ཏེ།།
ཀུན་ཀྱང་བསྒྲུབས་བཟོད་ཁྱོད་ཀྱི་མཛད་འདི་བསྔགས།།
ཁྱོད་ཀྱི་བསྐང་རའི་མདུང་རྩེས་ང་མ་གཏད།།
ཞེ་སྡང་སྟ་གྲི་ངར་མས་ང་མ་བསྣུན།།
ཕྲག་དོག་ཞགས་པ་རིང་བོས་ང་མ་བཅིངས།།
ང་རྒྱལ་མེ་ལྕེ་དྲག་པོས་ང་མ་གཙེས།།
གཡོ་སྒྱུ་ཟུར་མིག་ཀྱོ་བས་ང་མ་དྲངས།།
བསླུ་བྲིད་ལྕགས་ཀྱི་སྒྲོག་གིས་ང་མ་ཐེབས།།
བསྟོད་ཚིག་མེ་ཏོག་ཆུན་པོས་ང་མ་སྦིར།།
སྨད་པའི་མཆིལ་ཞགས་ཟོལ་མདས་ང་མ་ཕོག །
ལ་ལས་ཁྱོད་ཉིད་བཟང་རབས་གླེང་ནས་བསྟོད།།
ལ་ལས་ཁྱོད་ཉིད་ངན་རབས་བརྗོད་དེ་སྨད།།
འོན་ཀྱང་བློས་ཐུབ་ཁྱོད་དང་འུ་གཉིས་ལ།།
བཟང་ལ་བརྩི་རྒྱུ་ངན་ལ་རྩོད་རྒྱུ་མེད།།
ཕྱི་ཡི་གོ་རྒྱ་ཁྱོད་ཀྱིས་མི་ཆོད་གང་།།
ནང་གི་ཁྱད་མཚར་ཁྱོད་ཀྱིས་མི་སྦྲོན་གང་།།
ད་ལྟའི་དུས་དང་མཐུན་པའི་ཚིག་གི་ཕྲེང་།།
ན་རིམ་མེད་ཀྱང་ཨ་འཐས་འདི་ཙམ་སྤེལ།།
བརྒྱ་བཤད་ཚིག་རྩ་སྦྲེས་ན་སྙིང་པོའི་དོན།།
ཁྱོད་ཉིད་མི་མཁོ་སྐྱེ་བོ་ཡོད་མ་ཡིན།།
དེ་ཕྱིར་རིས་སུ་མ་ཆད་གཏམ་གྱི་མདའ།།
ཁོ་བོའི་མགྲིན་སྦུབས་གཞུ་ལས་ཤོར་ཏེ་ཐལ།།
ཡོད་ན་གཅིག་གིས་འཐུས་སོ་སྐྱབས་གཅིག་པུ།།
མེད་ན་ག་ལ་ཆོག་སྟེ་སུ་ལ་བསྟེན།།
མདོར་ན་མཐའ་ཡས་འགྲོ་བའི་གཉེན་བཤེས་སྤུན།།
ཁྱོད་ཀྱི་མཛད་འཕྲིན་སྲིད་མཐར་རྒྱས་གྱུར་ཅིག །
སྨྱོན་པས་སྨྱོ་ཆུ་འཐུང་བའི་སྨྱོ་གཏམ་མིན།།
ལྐུགས་པས་མ་འཁྲོལ་ལག་པའི་བརྡ་ཐབས་མིན།།
ལོང་བས་ལག་སྙོབ་གང་ཐོབ་འུད་སྒྲོག་མིན།།
སྣང་ཚུལ་འབེན་དག་འབིགས་པའི་ཚིག་མཚོན་ཙམ།།
ཇི་ལྟ་ཇི་ལྟར་བྲིས་ན་ལོས་ཆོག་མོད།།
དེ་ལྟ་དེ་ལྟར་བྲིས་ན་མཐའ་འཁྱོངས་དོགས།།
དེ་བས་འཚོ་བ་གསལ་འཆར་མེ་ལོང་དུ།།
སྣང་ཚུལ་གཟུགས་སུ་མངོན་པ་འདི་ཙམ་བྱ།།
ལྷན་སྐྱེས་ཤེས་རབ་རྟ་རྔའི་རྗེས་འགྲོ་དང་།།
སྦྱངས་བརྩོན་ཡོན་ཏན་དབུལ་བའི་ཁོ་བོ་ཡིས།།
འདིར་གསལ“རྟོགས་ལྡན་གྲུབ་ཆེན”གང་དག་ལ།།
སོར་བཅུ་སྙིང་ཁར་ཟུམ་ནས་དགོངས་དྭངས་ཞུ།།
རྣམ་གཡེང་གྲོང་སྒོ་ཉུལ་བའི་བརྟུལ་ཞུགས་དང་།།
ཅི་མཐོང་ཟིན་ཐོར་དབབ་པ་བདག་གི་གཤིས།།
ཆུ་ལ་དབྱུ་གུས་བྲིས་དཔེ་མ་ཡིན་པར།།

“རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས།།”1

1སྤྱོད་འཇུག་ལས་དྲངས།

2013.10.8ཉིན་གྱི་ཕྱི་དྲོར་ཤར་མར་བྲིས་པའོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག