མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

དགེ་རྒན་ལགས། ཚེ་རིང་ལོ་བརྒྱ།

རྩོམ་པ་པོ། ཚེ་ཐར་སྐྱིད།  ཡོང་ཁུངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།  2013-10-23 10:03

    དགེ་རྒན་ལགས།ང་རང་འོད་སྣང་དང་དཀར་ངོགས་མེད་པར་རྨོངས་མུན་གྱི་ལམ་ཕྲན་དུ་མགོ་འཐོམས་དུས། ཁྱེད་ནི་ཤེས་རིག་དང་དཀར་གསལ་གྱི་མདུན་ལམ་སྟོན་མཁན་ཡིན།ཉིད་ཀྱི་གདམས་པ་རྣམ་དག་རེ་རེ།སློབ་བུ་ངའི་མུན་སེལ་སྒྲོན་མེ་རེ་རེ་ཡིན་ལ།ཁྱེད་ཀྱི་འཛད་མེད་བཀའ་གསུངས་རེ་རེ།སློབ་བུ་ངའི་རྒྱལ་ཁའི་རྒྱབ་བརྟན་རེ་རེ་ཡིན་པར་སྙོམས་ཐབས་བྲལ། ཁྱོད་ཀྱི་མན་ངག་ནི་སངས་རྒྱས་ཀྱི་གསུངས་བཞིན་ཡིན་ལ།ཁྱེད་ཀྱི་བསླབ་བྱ་ནི་དགོས་འདོད་ནོར་བུ་བཞིན།དུས་ནམ་ཡང་། ཁྱོད་ཀྱི་བཀའ་དྲིན་གྱི་ཐུ་འོག་ནས།སློབ་བུ་ང་ལེགས་ཉེས་བླང་དོར་གྱི་བདེན་པའི་ལམ་བུར་བསྙེགས་དང་སྙེག་བཞིན་ཡོད། །

    དགེ་རྒན་ལགས། ཁྱེད་ཀྱི་ཁ་བཏགས་ལས་དཀར་བའི་ལྷག་སེམས་དང་། ནམ་མཁའ་ཡངས་བའི་བྱམས་བརྩེ།རྒྱ་མཚོ་ལས་ཟབ་པའི་བཀའ་དྲིན། ཕ་མ་བཞིན་གཅེས་པའི་ཐུགས་སྐྱོང་བཅས་ནི།བུ་མོ་ངའི་སེམས་ཁོངས་ན་རྟག་ཏུ་མི་ཡལ་བའི་གསེར་གྱི་སྒྲོམ་བུ་ཡིན། ཁྱེད་ཀྱིས་ཞུམ་མེད་མགྲིན་པ་གཟེངས་སུ་བཏེགས་ནས་གླུ་ཞིག་ལོངས་དང་། ང་ཚོས་ཁྱེད་ཀྱི་འཇིག་རྟེན་ནས་བླང་དོར་གྱི་ཐལ་མོ་རྡེབ་བཞིན།ཡང་བསྐྱར་ཁྱེད་རིན་ཐང་བྲལ་བའི་གསུང་གི་བདུད་རྩི་ཐོབ་པར་རེ་སྟེ་སྒུག་ཡོད་ལགས།སྐྱ་གསལ་ལེར་ནམ་མཁའ་ལངས་དུས། ངས་ཁྱོད་ཀྱིས་གྲོལ་བའི་གནས་ལུགས་ཀྱི་རི་མོ་རྣམས། བློ་དཀར་བོར་ལྷ་རིས་ལྟར་འགོད་བཞིན་ཡོད་ལ།དགུང་མུན་ནག་ས་མདོག་རུབ་དུས།ངས་ཁྱོད་ཀྱིས་འགྲེལ་བའི་བདེན་དོན་དང་ལུང་རིགས་བཅས། ནོར་བུའི་བང་མཛོད་ལྟར་ཞིབ་མོས་ཉེར་ཚགས་བྱེད་ཀྱིན་ཡོད།དགེ་རྒན་ལགས། ངའི་སེམས་གཏིང་གི་གསེར་གྱི་སྒྲོན་མེ། །

    དགེ་རྒན་ལགས།དུས་རབས་ཀྱི་སྒོ་འཕར་འབྱེད་དགོས་ན།ཁྱེད་ཀྱི་དྲི་མེད་ཤེས་རིག་གི་ལྡེ་མིག་མཁོ་ཞིང་།སྤྱི་ཚོགས་ཀྱི་བདེན་དོན་གྱི་གཡུ་ལོ་ཕྲེང་བར་བཀྲ་དགོས་ན།ཁྱོད་ཀྱི་རིས་མེད་ཡང་དག་གི་བསམ་བློ་དགོས་སྲིད། ཁྱེད་ནི་ང་ཚོའི་མི་ཚེར་མེད་མི་རུང་བའི་རི་པོ་ཆེ་གཅིག་པུ་ཡིན། རྒྱུ་མཚན་ནི་ཁྱེད་ནི་འཇིག་རྟེན་གྱི་ཉི་མ་ཡིན་ལ།འཛམ་གླིང་གི་དེད་དཔོན་ཡིན། གངས་ལྗོངས་ཀྱི་གླུ་བ་ཡིན་ལ། མི་རབས་འདིའི་བླ་སྲོག་གི་ལྷ་རྗེའང་ཡིན་པས། ཁྱོད་ཡོད་ས་ནས་སྦྲ་ནག་གི་ཁ་འཚུབ་དུ་བས་སྒྲིབ་མི་སྲིད་ལ།ཁྱོད་བཞུགས་ས་ནས་མཐོ་སྒང་གི་རྨི་ལམ་བག་ལ་ཞ་ག་ལ་སྲིད། །

    ཆོས་སྲིད་ཀྱི་གནས་ལུགས་རྣམས།ཁྱེད་ཀྱི་ངག་སྒྲོས་ནས་འབྱུང་བཞིན་ཡོད་ལ།ལོ་རྒྱུས་ཀྱི་མུ་འབྲེལ་རི་མོ་རྣམས།ཁྱོད་ཀྱི་སྨྱུག་རྩེ་ནས་འཕྱུར་བཞིན་ཡོད། སུས་ཀྱང་བཀོད་མ་མྱོང་བའི་ཟིན་ཐོ་གསར་བ་ཞིག་ཀྱང་།ཁྱོད་ཀྱིས་འགོད་བཞིན་ཡོད་ཅིང་།སུས་ཀྱང་བླངས་མ་མྱོང་བའི་སེམས་གཞས་དྭངས་མོ་ཞིག་ཁྱོད་ཀྱིས་ལེན་གྱིན་མཆིས། སོང་མ་མྱོང་བའི་ལམ་བུ་ཡངས་མོ་ཞིག་ལའང་། ཁྱོད་ཀྱིས་སྙེག་ཀྱིན་ཡོད་ལ།ཀུན་གྱིས་གོ་མ་མྱོང་བའི་གསང་བ་མོད་པོའང་།ཁྱོད་ཀྱིས་བརྟོལ་བཞིན་འདུག། དགེ་རྒན་ལགས།ཚེ་རིང་ལོ་བརྒྱ། །

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག