མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- དཔྱད་བརྗོད།

བོད་ཀྱི་རིག་གནས་སློབ་གསོ་དང་འབྲེལ་བའི་གཏམ།

རྩོམ་པ་པོ། ཚེ་རིང་རྣམ་རྒྱལ །  ཡོང་ཁུངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།  2013-10-24 16:44

    དེང་གི་ཆར་གོ་ལའི་ཁྱོན་དུ་ཚ་ཚ་འུར་འུར་དུ་སྒོས་བསྒྲགས་ནས་སྤེལ་བཞིན་པ་ནི།མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་སྔོག་འདོན་དང་སློབ་གསོ་དར་སྤེལ་གཏོང་རྒྱུ་དེ་ཡིན་ཞིང་། ཁ་ཕྱོགས་གཞིར་བྱས་ན། ང་ཚོའི་མི་རིགས་ཀྱིས་ཀྱང་རང་གི་རིག་གནས་དང་སློབ་གསོར་ཤུགས་སྣོན་དགོས་པ་དེ་སྨྲས་མི་དགོས་སོ། ཡིན་ཡང་། སྔོན་ཐོན་རྒྱལ་ཁབ་དང་མི་རིགས་དང་བསྡུར་ཏེ་བཤད་ན།བོད་ཀྱི་དེང་རབས་རིག་གནས་སློབ་གསོར་འཐུས་ཚང་མིན་པའི་ཞན་ཆའང་ཡོད་དོ།གང་ལྟར།བོད་ཀྱི་རིག་གནས་སློབ་གསོ་རང་སྟེང་ནས་བལྟས་ན།བོད་ཀྱི་རིག་གནས་སློབ་གསོ་དར་རྒྱས་གཏོང་བར་ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་འཛོམས་དགོས་ན་ཡང་།གཙོ་བོ་ནི་རིག་གནས་སློབ་གསོ་དར་སྤེལ་གཏོང་བའི་ཐབས་ལམ་ཡག་ཤོས་འདེམས་ཐུབ་མིན་དང་།དོན་དམ་ལག་ལེན་ཁྲོད་ཆད་ཞན་ཡོད་པར་རྟེན་ཅིང་འབྲེལ་ཡོད་པ་རེད།།

    ཅུང་གསལ་བོར་བཤད་ན།བོད་ཀྱི་རིག་གནས་སློབ་གསོ་སྤེལ་མཁན་ཚོས།སློབ་མའི་བསམ་གཞིགས་ནུས་པ་དང་རྒྱུས་ལོན་ཆུ་ཚད་ལ་མི་བལྟ་བར།རང་གིས་གང་ཤེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་སློབ་གསོའི་ལས་དོན་སྒྲུབ་སྲིད་པས། བོད་ཀྱི་སློབ་གསོ་ལས་དོན་ལ་མོས་མཐུན་དོན་གཉེར་མཁན་ཚོའི་བློ་ངོར་སུན་སྣང་གི་འདུ་ཤེས་ཤིག་ངང་གིས་འཇོག་སྲིད། བོད་ཀྱི་སྐད་ཡིག་སློབ་ཁྲིད་མཁན་ཏེ།རང་དང་འདྲ་བའི་དགེ་རྒན་སྐོར་ཞིག་གི་སྦྲེལ་ཐད་ནས་བཤད་ན་ཡང་།སློབ་ཁྲིད་ཀྱི་སྐྱོན་ཆ་གང་མང་ཞིག་ཡོ་བསྲང་བྱེད་མ་ནུས་པར།དུས་ཚོར་འགོར་འགྱངས་དང་ངལ་བ་འབྲས་མེད་ཀྱི་ལས་ལ་ཕྱོགས་ཤིང་།གཞན་ལ་མི་མཁོ་ཞིང་རང་ལ་མི་ཕན་པའི་ལས་ཀ་སྒྲུབ་བཞིན་པ་ནི།དོན་དམ་པའི་ཡིད་སྐྱོ་བའི་སྣང་ཚུལ་དུ་ལུས་ཡོད། ང་ཚོས་ཤེས་གསལ་ལྟར་ཏེ།དགེ་རྒན་ཞིག་ཡིན་ཕྱིན་རང་གིས་སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་སློབ་སྦྱོང་གི་ཆུ་ཚད་དང་བསྟུན་ཏེ།སློབ་ཁྲིད་བྱེད་རྒྱུ་ནི་གཡོལ་ཐབས་མེད་པའི་གནས་ལུགས་དམ་པ་ཡིན་ལ། སློབ་ཁྲིད་ནང་དོན་ཕྱོགས་ནས་ཀྱང་།རྒྱས་བསྡུས་རན་གསུམ་དང་དཀའ་གཙོ་གནད་གསུམ་དུ་དབྱེ་ཞིང་། ཡང་དང་བསྐྱར་ཁྲིད་ཀྱི་དགོས་མཁོ་ཡོད་མེད།གཟབ་ནན་གྱི་སློབ་ཁྲིད་དང་སྤྲོ་སྣང་གི་མཁའ་དབུགས་སོགས་ཕྱོགས་ཡོངས་ནས་འཆར་གཞི་ལེགས་པོ་ལྡན་དགོས་པ་བཅས་ནི་སྒོས་སུ་འགངས་ཆེ་བ་རེད། དེ་ལས་ལྡོག་སྟེ།ནམ་རྒྱུན་སློབ་མར་སློབ་ཚན་དང་འབྲེལ་མེད་གཏམ་རྒྱུད་བཤད་པ་དང་།ཡང་ན་མིང་ཚིག་འགྲེལ་བ་ཁོ་ན་བྲིས་ནས་སློབ་ཐུན་མཇུག་འགྲིལ་བ། ཡང་ན་ལས་བྱ་འབའ་ཞིག་བྲིས་ནས་ཉི་མ་གཏོང་བ་དང་། སློབ་ཚན་ལ་གཙོ་ཕལ་གྱི་དབྱེ་འབྱེད་བྱས་ཏེ་བློར་འཛིན་དུ་འཇུག་པ་སོགས་སོ།དེ་ནི་སློབ་མས་ཤེས་དགོས་པའམ་རྟོགས་འདོད་པའི་ནང་དོན་དང་འབྲི་སྟངས་ལ་དོ་སྣང་མ་བྱས་པའི་སློབ་ཁྲིད་བྱེད་ཐབས་རིགས་ཡིན་ལ། བོད་ཀྱི་རིག་གནས་སློབ་གསོ་ལས་དོན་སྤེལ་པའི་དགག་ཅིག་ཞིག་ཏུའང་གྱུར་ཡོད། སྒོས་སུ་རང་ཞིང་གི་ས་གནས་སྲིད་གཞུང་དང་བར་ཐག་ཧ་ཅང་རིང་བའི་སྡེ་གྲོང་སློབ་གྲྭའི་དགེ་རྒན་སྐོར་ཞིག་ལ་མཚོན་ན། སློབ་ཁྲིད་ཐབས་ལམ་དེའི་འགོས་ཚད་་ཚབས་ཆེན་ཡིན་པས།བོད་ཀྱི་སློབ་མས་དུས་ལྟར་འོས་འགན་འགྲུབ་པར་གནོད་རྐྱེན་བཟོས་དང་བཟོ་བཞིན་ཡོད། ཁྲིད་བྱའི་ནང་དོན་ལ་གཟབ་མོེ་མི་དཔྱད་པར། རང་རང་གིས་ཚོར་སྣང་སྒོས་འགྲིག་མིན་གྱི་བརྡར་ཤ་གཅོད་པ་སོགས་ཀྱིས།སློབ་མའི་བློ་ངོར་མ་དག་ནོར་འཁྲུལ་གྱི་གནོད་སྐྱོན་གང་མང་འཇོག་བཞིན་ཡོད་པ་མ་ཟད། ར་མགོ་ལུག་སྦྱར་དང་རྡོ་ཆག་བཙན་སྒྲིག་གི་ཤེས་བྱ་འཐུས་ཚང་མིན་པ་སློབ་ཁྲིད་བྱེད་བཞིན་ཡོད་པའང་།བོད་ཀྱི་རིག་གནས་སློབ་གསོའི་ནུས་པ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་དུ་གྱུར་ཡོད། དཔེར་ན། སློབ་ཆུང་རིམ་པའི་སློབ་མར།བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་དང་གོ་དཀའ་བའི་སུམ་རྟགས་དག་གསུམ་དང་སྙན་ངག་བཅས་ཁྲིད་ན།སློབ་མས་ཁྲིད་གཞིའི་ནང་དོན་གོ་དཀའ་བས། གང་ལ་གང་འཚམ་སྒོས་སློབ་ཁྲིད་བྱ་རྒྱུ་ནི་གཞི་ནས་གལ་ཆེའོ།།

    དགེ་རྒན་གྱི་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་།སློབ་མའི་སེམས་ཁམས་དང་ནར་སོན་པར་ཕན་པའི་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་དགོས་ཤིང་།སྐད་ཆ་བཤད་ལུགས་དང་མི་ཆོས་སྤྱོད་ལམ་ཕྱོགས་ནས་ཀྱང་། གཟབ་མོ་བྱས་ན་སློབ་མའི་བློ་ཁ་ལོག་བསྒྱུར་གྱི་ནུས་པ་འདོན་སྲིད་པས། དོན་དམ་པའི་དགེ་རྒན་ཞིག་ལ་མཚོན་ན།ངག་ཡིད་གསུམ་སྒོས་སློབ་མར་སློབ་ཁྲིད་བྱེད་དགོས་ལ། སློབ་ཐུན་སྐབས་སུ། བསླབ་གཞིའི་རིག་གནས་ནང་དོན་ཁྲིད་ཞོར་དུ།སློབ་གསེང་གི་སྐབས་བཅས་སུའང་།ཀུན་སྤྱོད་སློབ་གསོའི་བག་ཆགས་ཟབ་མོ་ཞིག་འཇོག་དགོས་པས། གནམ་འོག་གི་ཆེས་མཛེས་སྡུག་ལྡན་པའི་སྣང་བརྙན་དུ་འཛིན་དགོས་པའི་རྒྱུ་མཚན་གཙོ་བོའང་ཡིན། གལ་སྲིད་གནས་ལུགས་དེ་དག་དང་ལེན་བྱ་མི་ནུས་ན།སློབ་མས་ཀྱང་དང་ལེན་བྱ་མི་ནུས་ལ།མི་རིགས་ཀྱིས་ཀྱང་ནུས་མི་སྲིད་པས།ང་ཚོ་དགེ་རྒན་ཚོས་རང་ནུས་གང་ཡོད་སྒོས་བོད་ཀྱི་རིག་གནས་སློབ་གསོར་འབད་ཞོར་དུ།མི་གཤིས་ལེགས་ཤིང་ཀུན་སྤྱོད་མཛེས་པ། ཕུགས་བསམ་ལྡན་ལ་བརྩོན་སེམས་ཆེ་བ། མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མི་གནོད་པའི་འཇོན་ཐང་ཅན་གསོ་སྐྱོང་གི་ཕྱོགས་ནས་བསམ་གཞིགས་གང་ལེགས་ཤིག་གཏོང་དགོས་སོ།།

    རིག་གནས་སློབ་གསོ་ལས་དོན་ནི།དགེ་རྒན་གྱི་རང་ཁ་གསོ་བྱེད་ཙམ་དང་མི་རིགས་ཤིག་གི་ཉི་མ་གཏོང་ཐབས་ཤིག་མ་ཡིན་པར།རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བདེ་སྡུག་དང་འཕེལ་འགྲིབ་དང་དམ་པོར་འབྲེལ་བའི་རླབས་ཆེ་ཞིང་བླ་ན་མེད་པའི་ལས་དོན་ཞིག་ཡིན་པས།ང་ཚོ་དགེ་རྒན་དག་གིས་ཐོག་མར་རང་སྐྱོན་བསྒྱུར་པའི་རྨང་གཞི་སྟེང་།སྣོད་ལྡན་སློབ་མ་འབོར་ཆེན་ཞིག་གསོ་སྐྱོང་གི་ཕྱོགས་ལ་འབུངས་དགོས། དེ་ལྟར་མིན་པར་སློབ་ཁྲིད་སྐབས་སུ་མ་གཏོགས་དཔེ་ཆར་མི་ལྟ་བ་དང་གནད་དོན་དབྱེ་ཞིབ་མི་བྱེད་པ། སློབ་མའི་གནས་བབས་ལ་བསམ་གཞིགས་མི་གཏོང་བར།མདོ་མེད་བྱོལ་སོང་གི་ལས་ལ་གཡེངས་བར་གོམས་པ་ནི།དོན་གྱིས་མི་རིགས་དང་རྒྱལ་ཁབ་ལ་གནོད་པའི་ལས་ལས་མ་འདས། འོ་ན་རིག་གནས་སློབ་གསོ་སྤེལ་བར་ཐབས་ལམ་གང་འདྲ་འཚམ་མམ་ཞེ་ན།ཐོག་མར་དགེ་རྒན་ཉིད་ལ་རིག་གནས་སློབ་གསོའི་རྨང་གཞི་བརྟན་པོ་ཡོད་དགོས་པ་མ་ཟད།ཀུན་སྤྱོད་ལེགས་པོ་ཞིག་དང་ལྷག་བསམ་རྣམ་དག་ཅིག དཀའ་བ་དང་དུ་ལེན་པའི་བརྩོན་སེམས་དྲག་པོ་ཞིག གཞན་དོན་ལྷུ་རུ་ལེན་པའི་སྤོབས་པ་ཆེན་པོ་བཅས་ལྡན་དགོས་ལ། ལྷག་པར་སློབ་མ་དང་མི་རིགས་ལ་བློ་དཀར་བའི་འདུ་ཤེས་ཟབ་མོའང་ཡོད་དགོས་སོ། དེ་ལྟའི་ཆ་རྐྱེན་ལྡན་པ་ན།ད་གཟོད་བོད་ཀྱི་རིག་གནས་སློབ་གསོ་ལས་དོན་མ་ཉམས་གོང་དུ་སྤེལ་ཐུབ་པར་གདེང་ཚོད་ཡོད་སྲིད། རིག་གནས་སློབ་གསོ་ཞེས་པ་ནི།བསླབ་གཞིའི་ཐ་སྙད་ཙམ་ལ་འགྲེལ་བ་དང་མིང་ཚིག་དག་གི་གོ་དོན་རྟོགས་པ།ལས་བྱ་ཙམ་འབྲི་བ་དང་ཀློག་འདོན་ཙམ་སོང་བ་ཙམ་མིན་པར།སློབ་ཁྲིད་ཀྱི་ནང་དོན་དང་བསྟུན་སློབ་མའི་ལྟ་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་བ་དང་། གནད་དོན་དབྱེ་ཞིབ་ཀྱི་གོམས་གཤིས་ཆགས་པར་བྱེད་པ་སོགས་ནི། ཐབས་ལམ་སྣ་ཚོགས་སྒོས་སློབ་མར་བོད་ཀྱི་རིག་གནས་དང་འབྲེལ་ཡོད་པས།སློབ་མས་ཤེས་རྟོགས་ནུས་པ་མཐོ་བར་དགའ་ཕྱོགས་དང་བསྟུན་དགོས་པ་དང་གཅིག། གོ་སླ་ཞིང་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་དང་ལེགས་བཤད། གབ་ཚིག་དང་ལོ་རྒྱུས། གླུ་དང་ཤགས། གཏམ་དཔེ་དང་བཤད་པ་སོགས་ཀྱི་ཕྱོགས་ནས་ཀྱང་།སློབ་མར་བག་ཆགས་ཟབ་མོ་ཞིག་འཇོག་དགོས་པ་དང་།སློབ་མས་གོ་བ་རགས་ཙམ་ལོན་ཡོད་པར་བསྔགས་བརྗོད་དང་རྒྱུན་འཁྱོངས་དགོས་པ་དང་གཉིས། བོད་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་ཆེ་བའི་མི་སྣ་ངོ་སྤྲོད་སྐབས།དེ་དག་གི་མཛད་རྗེས་ཀྱང་ཉུང་ཙམ་མཚམས་སྦྱོང་བྱས་ན།སློབ་མར་ཡང་དེའི་རིགས་ལ་སློབ་སྦྱོང་དང་དགའ་ཞེན་གྱི་བསམ་བློ་བསྐྱེད་བསྲིང་བྱེད་དགོས་པ་དང་གསུམ། ལྷག་པར་བོད་མི་རང་གི་ཡ་རབས་གོམས་སྲོལ་དང་ཟོལ་མེད་རྣམ་དག་གི་རིག་གནས་ངོས་འཛིན་བྱེད་ཐུབ་དགོས་པ་མ་ཟད། དགེ་བཅུའི་ཁྲིམས་མཐུན་དང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བར། སློབ་གསོའི་ནུས་པ་གང་ཡོད་བཏོན་ནས།ལོ་ཆུང་བའི་དུས་ནས་བཟུང་མི་རིགས་ལ་དགའ་བ་དང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་པའི་རྨང་གཞི་གང་ལེགས་འདིང་དགོས་པ་དང་བཞིའོ། མདོར་ན། བོད་ཀྱི་རིག་གནས་སློབ་གསོ་སྤེལ་ཐབས་ལེགས་ཤོས་གང་མང་ཡོད་མོད། སྒོས་སུ་གཟབ་དགོས་པ་ནི་སློབ་མར་སེམས་ཁམས་ལ་གནོད་པའི་སྐད་ཆ་དང་བརྩོན་སེམས་ཀྱི་འདུན་པ་འཇོམས་པའི་དམའ་འབེབས། མི་གཤིས་ལ་ཕོག་ཐུག་གཏོང་བའི་སྐྱོན་བརྗོད་བཅས་ཀྱི་ཕྱོགས་ནས། དགེ་རྒན་ཚོས་ལྷག་པར་གཟབ་གཟབ་བྱེད་དགོས། རྒྱུ་མཚན་ནི་སློབ་མས་སློབ་སྦྱོང་བྱེད་འདོད་མིན་དང་།རིག་གནས་སློབ་གསོ་ལག་ལེན་ལ་སྒུལ་ཤུགས་དང་དགག་རྐྱེན་འབྱུང་བའི་ཕྱོགས་ནས་ཀྱང་། གནད་དམ་པ་དེར་དམ་པོར་འབྲེལ་ཡོད་དོ། །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག