མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

ཨ་མ།

རྩོམ་པ་པོ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།    2013-10-29 10:45

    བྱམས་བརྩེ་དྲོད་མོའི་ལྷག་བསམ་ཁུར་བཞིན། དཀའ་སྡུག་གང་མང་པོའི་རྔུལ་ཆུ་འདོན་བཞིན། མི་ཚེ་འདི་ཡངས་བའི་སྤང་ལྗོངས་ཀྱི་དབུས་ན།རྒྱུ་སྐར་ལྟར་བཀྲམ་པའི་གཡང་མོ་ལུག་ཁྱུ་དང་མཉམ་དུ་རྒས་བཞིན་ཡོད་ན་ཡང།རང་གི་བུ་ཕྲུག་ལ་བཅངས་པའི་དུང་སེམས་ལ་ནམ་ཡང་འགྱུར་ལྡོག་འབྱུང་མི་སྲིད།

    ཨ་མ་ལགས། ཁྱེད་ཀྱི་མི་ཚེར་སྡུག་བསྔལ་གང་མང་ཡོད་ནའང་། དུས་དང་རྣམ་པ་ཀུན་ཏུ་ངལ་བ་ཆེན་པོའི་རྒྱ་མཚོར་རྐྱལ་ཏེ་བདེ་སྐྱིད་ཀྱི་གླིང་ཕྲན་ཞིག་བཙལ་ཞིང་། རེ་འདུན་སྟོང་ཕྲག་གི་ཁུར་བོ་འོག་ནས།བདག་གི་ཕྱོགས་སུ་འཐེན་པ་ནི་ལྷག་བསམ་དཀར་བོའི་ལྷ་དར་དཀར་པོ་ཡིན་ལ ། སྨོན་འདུན་ཁྲི་ཕྲག་གི་མེ་ཏོག་ཚལ་ནས།བདག་གི་སེམས་ལ་བཞག་པ་ནི་ཟོལ་བཅོས་བྲལ་བའི་དུང་བ་ཁོ་ན་ཡིན། ཁྱེད་ཀྱིས་བུ་མོ་ངའི་ཆེད་དུ་དབྱར་གསུམ་ཆར་བ་དང་ཚ་གདུང་། དགུན་གསུམ་ཁ་བ་དང་བུ་ཡུག་ཁྲོད།སློག་པའི་ཐུ་བ་ཆར་བས་གྱོང་ཡང་ཞེ་མ་སྡུག་ལ་ལག་པའི་སོར་མོར་སེར་ཀ་གས་ཀྱང་སྐྱོ་མ་མྱོང་བ་ནི།དེ་རང་ཨ་མས་བསུབ་པའི་ལོ་རྒྱུས་ཡིན་ལ།སང་ཉིན་བུ་མོ་ས་དྲིན་ལན་འཇལ་བའི་བག་ཆགས་ཡིན།

    ཨ་མ་ལགས། ཁྱེད་ཀྱི་ཉམས་མེད་ཀྱི་སྟོབས་ཤུགས་དང་ཞུམ་མེད་ཀྱི་སྙིང་སྟོབས། བླ་མེད་ཀྱི་ལྷག་བསམ་གིས་བདག་ལ་བརྗོད་ཐབས་བྲལ་བའི་བཅོས་མིན་གྱི་བསམ་པ་ཞིག་བསྩལ་བྱུང།ཁྱོད་ཀྱི་བཀའ་དྲིན་མེད་ན།ང་ལ་བདེ་སྐྱིད་ཀྱི་བསྐལ་བ་མེད་ལ།ཁྱེད་ཀྱི་བཀོད་སྒྲིག་མིན་ན་ང་ལ་ཐོས་བས་གྱི་ལམ་བུ་ཞིག་གང་ན་ཡོད ། ཁྱོད་ཡོད་པས་ང་ནམ་ཡང་སྐྱོ་མ་མྱོང་ལ།ཁྱོད་ཡོད་པས་ངས་ནམ་ཡང་ངུས་མ་མྱོང་།ང་ནི་ཨ་མ་ལགས་ཁྱེད་ཀྱི་བྱམས་སེམས་ལས་འཕོས་པའི་ལྷག་བསམ་གྱི་དྭངས་མ་ཡིན་པ།ངས་ནམ་ཡང་བརྗེད་མི་སྲིད། 

    ཨ་མ་ལགས། བསམ་དོན་ཡིད་བཞིན་འགྲུབ་པར་ཤོག ཅི་བསམ་ངང་གིས་འགྲུབ་པར་སྨོན ། ནད་མེད་ཚེ་ཐག་རིང་བར་ཤོག བདེ་སྐྱིད་ཕྱྭ་གཡང་འཁོར་བར་ཤོག སྐུ་ཚེ་གཏན་དུ་བདེ་བར་ཤོག འདི་ནི་བུ་མོ་ངས་ལྷ་མོ་འདྲ་བའི་ཨ་མར་ཕུལ་བའི་བཅོས་མིན་ཡིད་ཀྱི་ལེགས་སྐྱེས་ཡིན་ལ།འདི་ནི་བུ་མོ་ངས་སྒྲོལ་མ་ལྟ་བུའི་ཨ་མར་མཆོད་པའི་ཟོལ་མེད་ཡིད་ཀྱི་མཆོད་པ་ཡིན །

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག