མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

སེམས་འགྱུ་དམར་པོ།

རྩོམ་པ་པོ། རེང་བུ  ཡོང་ཁུངས། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ།  2013-10-29 15:14

ཆུ་མོ་ཤང་ཤང་རྒྱུགས་པའི་ཕ་ཡུལ་ན།།
སྤྲིན་པ་ལྷག་ལྷོག་འཕྱུར་བའི་ཕ་ཡུལ་ན།།
མེ་ཏོག་ལྷུག་པོར་གད་པའི་ཕ་ཡུལ་ན།།
ཁོ་བོའི་ལྷག་བསམ་འོ་མཚོ་བཞིན་དུ་འཁྱིལ།།

ཁྱིམ་པ་ཆོས་པར་མོས་པའི་དད་ཞེན་དང་།།
ཆོས་པ་ཁྱིམ་པར་སྨོན་པའི་བརྐམ་ཆགས་སོགས།།
མདོར་ན་རང་གི་རིན་ཐང་མི་མཐོང་པའི།།
ཕ་ཡུལ་འདི་ན་འགལ་བ་ལུ་གུ་རྒྱུད།།

ཨ་ནེ་སྒྲོལ་མའི་ནང་བློ་ནང་ལ་འཚང་།།
ཨ་ཁུ་སྤྲོས་པའི་ནང་སེམས་ཕྱི་རུ་ཤོར།།
འདི་ཡང་འཚོ་བའི་གདམས་ཀར་བདེན་མོད་ཀྱང་།།
ཟང་ཟིང་འུར་འུར་ཡིན་ན་འདི་ཡང་སྐྱོ།།

ཕྱི་ནས་བལྟ་བར་ཡག་ཡག་མཛེས་མཛེས་ཏེ།།
འཇའ་ཚོན་གཟུགས་སུ་གྱོན་པའི་མཛེས་སྡུག་འཛིན།།
ནང་དུ་ཕྱོགས་ཚེ་རལ་རུལ་ཟ་ཟད་དེ།།
ཕྱི་ཡག་ནང་སོབ་ཆུ་ཤིང་ཁོག་པོ་བཞིན།།

དཔོན་གྱི་ལྷག་བསམ་རྔན་པའི་ཡུར་ལ་དྲངས།།
བླ་མའི་བྱམས་བརྩེ་འབྱོར་བའི་མཐའ་རུ་དུད།།
དྲང་བོའི་མི་ལ་འཁྱོག་པོའི་ལམ་གཏོད་པ།།
རྨོངས་པའི་ནང་གི་མུན་པ་འདི་ལས་ཅི།།

མཁས་པའི་སྨྲ་ལྕེ་དབང་གི་རྒྱབ་ནས་ལྐུག།
བླུན་པོའི་ཕོ་ཚོད་ཁྲིམས་ཀྱི་འདབ་ནས་འཁུམ།།
གདོང་ལེན་ཡར་སྙེག་གྲོང་དགུའི་ལུད་མར་སྡེབ།།
གོ་རྟོགས་ཟླ་བ་དགུ་སྟུག་མུན་པས་ཟོས།།

ཆེན་པོའི་མི་ལ་ཆེ་བའི་ལག་རྗེས་མེད།།
ཕལ་བའི་མི་ལ་ཕྲན་བུའི་འཇོན་ནུས་མེད།།
སྐྱིད་ལ་འདོད་པ་ཚེགས་ལ་འཇིགས་པ་ཉིད།།
ཕ་ཡུལ་དམངས་ཀྱི་བསམ་པའི་ཉིན་སྲིབ་ལགས།།

སྟག་ཤར་རྣམས་ནི་གཡག་སྐེ་གཅོད་ལ་མཁས།།
སྨན་སྲུ་ཚོ་ནི་ནང་ཁྲོལ་ལྡུག་ལ་གྲུང་།།
མཁས་པ་དེ་དང་གྲུང་གཤིས་འདི་དག་ནི།།
གཞན་ན་ཤིན་ཏུ་དཀོན་པའི་དགེ་མཚན་ཡིན།།

བྱིས་པ་སྣབས་ལུགས་ནོར་རྗེས་འདེད་ལ་ངར།།
ལོ་བརྒྱད་བུ་མོ་འོ་མ་འཇོ་ལ་བྱང་།།
ཆུང་ནས་འདི་ལ་གོམ་པའི་རྩོལ་བ་བཞིན།།
རིགས་པའི་གནས་སུ་སྦྱང་ན་ཅི་མ་རུང་།།

འུད་ཆེན་ལབ་པའི་མཁས་པ་བཅོས་མ་མང་།།
མིང་རྫིག་འཁུར་བའི་དཔོན་པོ་གཡོ་ཅན་མང་།།
འབངས་ལ་སྨན་པའི་སློབ་གསོའི་མཁས་པ་ཉུང་།།
དམངས་དོན་སྒྲུབ་པའི་འགོ་ཁྲིད་སྒོས་སུ་ཉུང་།།

སློབ་གྲྭར་མགྲིམ་པའི་སློབ་གཉེར་བ་ནི་མང་།།
གཞུང་དོན་བསྙད་པའི་ལས་བྱེད་པ་ནི་མང་།།
ཤ་ཞེན་ཁོལ་བའི་ལ་རྒྱ་ཅན་ནི་ཉུང་།།།
ལྷག་བསམ་དཀར་པོའི་ཆོ་ག་ཅན་ནི་ཉུང་།།

ནོར་གྱིས་ལྕིད་པར་དུ་པའི་འབྱོར་ལྡན་མང་།།
ཨུ་ཚུགས་འབྲོང་ཅན་གྱི་དཔའ་བོ་མང་།།
སྣ་ཚོགས་རིག་པའི་གན་མཛོད་གཉེར་བ་ཉུང་།།
མི་རིགས་ལས་དོན་སྲོག་བཞིན་སྲུང་པ་ཉུང་།།

མང་དང་ཉུང་གི་རྣམ་བཞག་ཆེས་མང་ཡང་།།
མང་ཉུང་ཙམ་གྱི་ཕུང་པོར་ཡིད་རྟོན་ཅི།།
དེའི་ཕྱིར་གོ་བདེ་ངག་གི་སྦྱོར་བ་འདི།།
གསོང་བོའི་དོན་ལ་དྲང་པོའི་ཚིག་གིས་བསྟར།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག